དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2023ལོའི་རང་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ལེཌ་ཕྱོཌ་སུ་འཕེལ་རྒྱས་བྱུང་བ།

    དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-25

    2023ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཙོ་བོ་གཤམ་གསལ་གྱི་ཁྱད་ཆོས་ཁག་དགུ་ལྡན་པ་སྟེ།

    གཅིག ཞིང་ལས་ཐོན་སྐྱེད་ཟམ་མི་ཆད་པར་བརྟན་དུ་སོང་ནས་ཐོན་རྫས་ཀྱི་ཐོན་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ།

    གཉིས། བཟོ་ལས་ཐོན་སྐྱེད་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་བཟོ་སྐྲུན་ལས་རིགས་འཕར་ཚད་ཅུང་མགྱོགས་པོ་བྱུང་བ།

    གསུམ། ཞབས་ཞུའི་ལས་རིགས་རྒྱུན་མཐུད་རིམ་པ་འཕར་ནས་གསར་དར་ཁྱབ་ཁོངས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བ།

    བཞི། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མགྱོགས་མྱུར་འཕར་ནས་གཙོ་གནད་ཁྱབ་ཁོངས་ཀྱི་མ་འཇོག་འདེགས་སྐྱོར་མངོན་གསལ་དོད་པ།

    ལྔ། འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་བསྐྱར་འཕར་བྱུང་ནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    དྲུག འགྲིམ་འགྲུལ་སྐྱེལ་འདྲེན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཕྱི་ཕྱོགས་ཉོ་ཚོང་སླར་གསོ་ཐུབ་པ།

    བདུན། ནོར་སྲིད་དང་དངུལ་རྩས་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་གློག་ཤུགས་ཐོན་སྐྱེད་འགན་སྲུང་ནུས་ལྡན་བྱུང་བ།

    བརྒྱད། གྲོང་མིའི་ཡོང་འབབ་མུ་མཐུད་མང་དུ་སོང་ནས་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་པ།

    དགུ འཛད་སྤྱོད་རིན་གོང་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་བཟོ་ལས་ཐོན་སྐྱེད་པའི་རིན་གོང་ཅུང་འཕར་བ།

    ཚེས་23ཉིན་གྱི་སྔ་དྲོ་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཤེས་རྟོགས་བྱུང་བར། 2023ལོར་རང་ལྗོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་ཐོན་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། 2023ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2392.67ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་9.5%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8.3མཐོ་རུ་ཕྱིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་ལྗོངས་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་220.21ཟིན་པ་དེ་ལོ་གོང་མ་ལས་14.7%འཕར་ཡོད། འབྲུ་རིགས་ལོ་ཏོག་གི་ཐོན་ཚད་ཏུན་ཁྲི་108.87ཟིན་ནས་1.4%འཕར་བ་དང་། འབྲུ་རིགས་ཀྱི་ཐོན་ཚད་བསྡོམས་འབོར་ལོ་9བསྟུད་མར་ཏུན་ཁྲི་100ཡན་བརྟན་པོ་བྱུང་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་གོང་མ་ལས་8.7%འཕར་ཡོད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་ལོ་གོང་མ་ལས་9.9%འཕར་བ་དང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་210.20ཟིན་པ་དེ་དུས་མཚུངས་ལས་29.6%འཕར་བ། ཟླ་དང་པོ་ནས་བཅུ་གཅིག་པའི་བར་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་215.1%འཕར་བ་དང་དྲ་ཐོག་ཚོང་དོན་ཉོ་ཚོང་བྱེད་ཚད་49.8%འཕར་ཡོད།

    གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་ལོ་གོང་མ་ལས་35.1%འཕར་ཡོད(ཁྲོན་བོད་ལྕགས་ལམ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་གྱི་བོད་ཀྱི་ས་ཁོངས་སུ་མ་དངུལ་བཏང་བ་ཚུད་མེད་པ) སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་879.8ཟིན་པ་དེ་ལོ་གོང་མ་ལས་21.1%འཕར་ཡོད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5516.97ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་83.7%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་651.46ཟིན་ནས་60%འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་1702.14ཟིན་པ་དེ་ལོ་གོང་མ་ལས་99.2%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་5059.7ཟིན་ནས་25.7%འཕར་ཡོད། ལྗོངས་ཡོངས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་109.78ཟིན་པ་དེ་ལོ་གོང་མ་ལས་138.3%འཕར་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་236.62ཟིན་པ་དེ་ལོ་གོང་མ་ལས་31.7%འཕར་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2809.1ཟིན་ནས་8.3%འཕར་ཡོད། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་གློག་གཏོང་ཁེ་ལས་ཀྱིས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་137.38ཟིན་ནས་10.8%འཕར་ཡོད། 2023ལོར་འཛད་སྤྱོད་རིན་གོང་བརྟན་པོ་བྱུང་ནས་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མ་ལས་0.1%ཆག་ཡོད། བཟོ་ལས་ཐོན་སྐྱེད་པའི་རིན་གོང་ཅུང་འཕར་ནས་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་ལོ་གོང་མ་ལས་1.1%འཕར་ཡོད།

    དོ་སྣང་བྱེད་དགོས་པ་ཞིག་ལ། 2023ལོར་ལྗོངས་ཡོངས་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་ནས་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28983ཟིན་པ་དེ་ལོ་གོང་མ་ལས་8.7%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་51900ཟིན་ནས་6.5%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19924ཟིན་ནས་9.4%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྲུབ་འབྲས་གཟེངས་སུ་ཐོན་ཞིང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་ཁྲོད་དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་དམིགས་ཚད་གཅིག་གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། དེའི་ནང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(5.2%)ལས་བརྒྱ་ཆའི་གྲངས་4.3གྱིས་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(5.1%)ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(7.7%)ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(3%)ལས་བརྒྱ་ཆའི་གྲངས་32.1གིས་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(7.2%)ལས་བརྒྱ་ཆའི་གྲངས་13.9ཡིས་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད(4.6%)ལས་བརྒྱ་ཆའི་གྲངས་4.1གིས་མཐོ་བ་བྱུང་ནས་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།