ནག་ཆུས་གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་དང་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་ཆེད། ཉེ་ཆར་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུས་གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། “ང་ཚོའི་ཀྲུང་གོའི་ཕུགས་འདུན—ཁྱིམ་ཚང་མང་པོར་རིག་གནས་དྲིལ་བསྒྲགས་བྱེད”ཅེས་པའི་གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་དང་དཔྱིད་གསར་དུས་ཆེན་བསུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་རིག་རྩལ་ཁང་དང་ཚོགས་པས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས། གཞི་རིམ་དུ་བསྐྱོད་པ་དང་རྣམ་པ་གསར་གཏོད་བྱས་ཏེ་འཚམས་འདྲིའི་འཁྲབ་སྟོན་དང་། གཞི་རིམ་དུ་འཁྲབ་སྟོན། རིག་གནས་རོགས་སྐྱོར། གསོ་སྦྱོང་ཟུར་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྟོན་མོ་བཤམས་ཡོད། བྱེད་སྒོ་སྤེལ་རིང་། གྲོང་ཁྱེར་ཡོངས་ཀྱིས་རིག་རྩལ་བྱེད་སྒོ་ཁྱོན་ཐེངས་1321སྤེལ་བར་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་2ལྷག་ཙམ་ལ་ཕན་པ་ཐོབ་ཡོད།