དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་གྱི“9·5”ལྕགས་ཟམ་ཁའི་ས་ཡོམ་གེགས་ཁུལ་དུ་སླར་ཡང་བཅར་འདྲིར་བསྐྱོད་པའི་མཐོང་ཐོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།   |     སྤེལ་དུས།  2024-01-25

    དགུན་དུས་ཀྱི་ཞོགས་པ་ཞིག་ལ། གསར་འགོད་པ་དང་བཅས་པ་ཁྲེང་ཏུའུ་ནས་ཐོན་ཏེ་ལ་ལུང་མང་པོ་བརྒྱུད་མཐར་2022ལོའི“9·5”ལྕཌ་ཟམ་ཁའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕཌ་ཟམ་ཁ་རྫོང་དང་། དུང་དཀར་ལུང་མཛེས་ལྗོངས་ཁུལ། གཡག་རྔ་གྲོང་ཁྱེར་ཧྲི་མེན་རྫོང་བཅས་ལ་སླེབས། ལོ་གཅིག་ལྷག་ཙམ་སོང་རྗེས། གེཌ་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པ་བསྐྲུན་ཟིན་པ་དང་། མི་རྣམས་ལས་ལ་བརྩོན་པ། རི་ལྡེབས་ཡོངས་ལ་ཚ་ལུ་མ་སེར་ཆིལ་ལེར་སྨིན་པ་བཅས་ཀྱི་རྣམ་པ་བཟང་པོ་གང་ས་ནས་མཐོང་རྒྱུ་འདུག

    “ཡུལ་མི་སྤུན་ཟླ་ཚོ་སྡོད་ཁང་གསར་པར་གང་མགྱོགས་སྤོ་ཐུབ་ཆེད་ཤུགས་རྒྱག་གི་ཡོད”

    རྟ་ཐོག་གྲོང་རྡལ་པེ་ཐོའུ་གྲོང་ཚོའི་གཅིག་བསྡུས་བཀོད་སྒྲིག་ས་ཚིགས་སུ་སྔོག་འཕྲུལ་6དང་ལས་མི་200ལྷག་ཙམ་གྱིས་ལས་ཀ་བྱེད་བཞིན་མཆིས། དེ་དང་ཐག་མི་རིང་བའི་སར་སྡོད་ཁང་གསར་པ་སྟར་པ་མང་པོ་བརྒྱབ་པ་མཐོང་ཐུབ།

    བཀོད་སྒྲིག་ས་ཚིགས་ཀྱི་རྣམ་གྲངས་ཅིང་ལི་ཧོ་པོ་ལིའུ་ཡིས། ཨར་ལས་བྱེད་མཁན་ཕྱོགས་ཀྱིས་བདེ་འཇགས་ལ་འགན་ལེན་བྱས་པའི་སྔོན་འགྲོའི་འོག་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་བཟོ་བྱེད་ཀྱི་ཡོད། ཉེ་དུས་ལས་བཟོ་ཚོས་ལས་རེས་བྱས་ནས་མདོང་དྲ་འཛུགས་སྐྲུན་གྱི་ལས་དོན་ལ་ཤུགས་རྒྱག་གི་ཡོད། སྔོན་དཔག་བྱས་ན། དཔྱིད་གསར་དུས་ཆེན་གོང་སྔོ་འགྱུར་དང་བགྲོད་ལམ་དུ་སྣུམ་གནག་འདིང་རྒྱུ་ཕུད་པའི་ལས་ཀ་མང་ཆེ་བ་འགྲུབ་ཐུབ་རྒྱུ་རེད། “ཡུལ་མི་སྤུན་ཟླ་ཚོ་སྡོད་ཁང་གསར་པར་གང་མགྱོགས་སྤོ་ཐུབ་ཆེད་ཤུགས་རྒྱག་གི་ཡོད”ཅེས་བཤད།

    “9·5”ལྕགས་ཟམ་ཁའི་ས་ཡོམ་རྗེས། མང་ཚོགས་མི་ཉུང་བ་ཞིག་གི་སྡོད་ཁང་ལ་གཏོར་སྐྱོན་ཕོག་ཡོད། ས་གནས་དེ་གས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཉམས་གསོ་བརྟན་གཏོང་དང་སྡོད་ཁང་བསྐྱར་སྐྲུན་སོགས་བྱས་ཡོད། དེ་དག་ལས་པེ་ཐོའུ་གྲོང་ཚོའི་གཅིག་བསྡུས་བཀོད་སྒྲིག་ས་ཚིགས་སུ་རྟ་ཐོག་གྲོང་རྡལ་གྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་མཉམ་འབྲེལ་གྲོང་ཚོ་དང་། ཙི་ཡཱ་ཁྲང་གྲོང་ཚོ། དབན་ཏུང་གྲོང་ཚོ་བཅས་ཀྱི་དུད་ཚང་243གྱི་མི་945བཀོད་སྒྲིག་བྱས་ཡོད་པ་རེད།

    “ཁང་པ་བརྒྱབ་ཚར་བས་ཧ་ཅང་བློ་བདེ་པོ་འདུག”

    བཀོད་སྒྲིག་ས་ཚིགས་སུ་སྐྱོད་སྐབས། གསར་འགོད་པས་ཡུལ་མི་སྤུན་ཟླ་མི་ཉུང་བ་ཞིག་སྡོད་ཁང་གསར་པར་གཙང་སྦྲ་བྱས་ཟིན་ནས་དུས་ཚོད་བཟང་པོ་ཞིག་ལ་སྤོ་རྩིས་བྱས་ནས་བསྡད་ཡོད་པ་མཐོང་བྱུང་།

    “ནང་དུ་ཕེབས”ཞེས་མཉམ་འབྲེལ་གྲོང་ཚོའི་གྲོང་མི་ཁྲང་ཧྥུའུ་ཀུའེ་ཡིས་དགའ་སྤྲོའི་ངང་གསར་འགོད་པ་སྡོད་ཁང་གསར་པའི་ནང་བསུས། ཁང་པ་ཆེ་ལ་དཀར་ཆ་དོད་ཅིང་། མགྲོན་བསུ་ཁང་དུ་འབོལ་ཁྲི་དང་སྒྲོག་ཙེ་གསར་པ་སྒྲིག་ཡོད་པ་དང་། ཉལ་ཁང་ནང་གི་ཉལ་གདན་གསར་པའི་ཐུམ་སྒྲིལ་ཡང་དབྲལ་ལོང་མ་བྱུང་བར་བཞག་ཡོད་པ་རེད། ཁྲང་ཧྥུའུ་ཀུའེ་ཡི་སྡོད་ཁང་ནི་གཅིག་གྱུར་གྱི་འཆར་འགོད་ལྟར་རང་ཉིད་ཀྱིས་བརྒྱབ་པ་ཞིག་སྟེ་2023ལོའི་ཟླ་བཅུ་པར་བརྒྱབ་ཚར་བ་རེད། ཁ་གསབ་སྣ་ཚོགས་ཕུད་སྡོད་ཁང་རྒྱག་པ་དང་དེར་མཛེས་བཟོ་བྱེད་པར་ཁོང་རང་ཉིད་ཀྱིས་ཧ་ལམ་སྒོར་ཁྲི་40བཏང་ཡོད་པ་རེད།

    “བུ་ལོན་འཇལ་དགོས་ཀྱང་བློ་བདེ་པོ་འདུག ཁང་པ་བརྒྱབ་ཚར་བས་དེ་བས་བློ་བདེ་པོ་འདུག”ལོ་གསར་པའི་ནང་། ཁོང་ལ་འཆར་གཞི་བརྟན་པོ་ཞིག་ཡོད་པ་ནི་དངུལ་ཧུར་ཐག་བསགས་ནས་བུ་ལོན་འཇལ་བ་དང་བུ་མོ་སློབ་གྲྭར་གཏོང་རྒྱུ་དེ་རེད།

    ཉེ་ཆར། ཚ་ལུ་མ་སྨིན་པའི་དུས་རེད། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་སུ་ཚ་ལུ་མ་སེར་ཆིལ་ལེར་སྨིན་ནས་གང་སར་སྐྱེ་སྟོབས་ཀྱིས་ཁེངས་ཡོད་པ་རེད།

    ཧྲི་མེན་རྫོང་ཤིན་མིན་ཤང་མཱ་ཁྲང་གྲོང་ཚོའི་གྲོང་མི་ལི་ཀྲི་དབྱིན་གྱིས་རྟག་ཏུ་ཞོགས་ཟས་ཟོས་རྗེས་ལག་ལ་ཇེམ་ཙེ་བཟུང་ཞིང་རྒྱབ་ལ་སླེལ་པོ་ཁུར་ནས་རི་ལྡེབས་སུ་ཚ་ལུ་མ་འཐོག་པར་འགྲོ་གི་ཡོད་པ་དང་། ཁོང་གིས“ཉིན་ཤས་གོང་། སྦྱིན་བདག་ཅིག་གིས་ཚ་ལུ་མ་མངགས་བྱུང་། ཉིན་ཁ་ཤས་རྗེས་སུ་གཅིག་བསྡུས་ཉོ་སྒྲུབ་བྱེད་པར་ཡོང་གི་རེད”ཅེས་བཤད།

    ད་ཆ། འབྲས་ཤིང་ར་བར་ཡོང་འབབ་ཡག་པོ་འདུག “ཤིང་འབྲས་བཙོངས་རྗེས། སྡོད་ཁང་གསར་པ་རྒྱག་སྐབས་གཡར་བའི་བུ་ལོན་ཁག་ཅིག་འཇལ་ཐུབ”ལི་ཀྲི་དབྱིན་གྱིས་གོམ་སྟབས་རྗེས་མར་འབྲས་ཤིང་རྒྱ་ཁྱོན་ཆེ་རུ་གཏོང་རྩིས་བྱེད་ཀྱི་ཡོད་པ་རེད།

    “འཚོ་བ་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་ཡོད”

    གངས་དཀར་རི་བོའི་དབུ་རྩེ་མཇལ་བ་དང་། འཁྱགས་རོམ་འདབས་ཀྱི་ཆུ་ཚན་རྒྱག་པ་ནི་དུང་དཀར་ལུང་མཛེས་ལྗོངས་ཁུལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་ས་ཞིག་རེད། 2023ལོའི་ཟླ་12ཚེས་12ཉིན། ལོ་གཅིག་ལྷག་རིང་བསྐྱར་སྐྲུན་བྱས་པ་བརྒྱུད་མཛེས་ལྗོངས་ཁུལ་སླར་གསོ་བྱུང་ནས་སྒོ་མོ་སླར་ཡང་ཕྱེ་ཐུབ་པ་རེད།

    མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་ཡིན་པའི་མོ་ཤིས་གྲོང་རྡལ་དུ། ཧུའེ་ཀྲོའུ་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང“དབྱང་ཚང་གི་སྒོ་ར་ཆུང་ངུ”ཞེས་པ་ཞིག་ཡོད། སྒོ་རའི་ནང་འཛུལ་ཚེ། རྡོ་ལས་བཟོས་པའི་སྒོ་བཀག་གི་རྒྱབ་ནས་ཆུ་མོའི་བཞུར་སྒྲ་ལྷུང་ལྷུང་གྲགས་པ་ཐོས་ལ། མངོན་པར་མཛེས་པའི་བསིལ་ཁང་དང་བ་གམ་ཡང་མཐོང་ཐུབ།

    བསྐྱར་སྐྲུན་བྱེད་པ་ནི་ལོ་75ལ་སླེབས་པའི་སྦྱིན་བདག་དབྱང་ཡིའུ་ཤིན་ལ་མཚོན་ན“ལས་གཏོད་བྱེད་ཐེངས་གཉིས་པ”རེད། 2016ལོར། ཁོང་གིས་བུ་ལོན་སྒོར་ཁྲི་800ལྷག་ཙམ་གཡར་ནས“དབྱང་ཚང་གི་སྒོ་ར་ཆུང་ངུ”བརྒྱབ། 2017ལོའི“ལྔ་གཅིག”གུང་གསེང་རིང་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། བསྟུད་མར་ལོ་གཉིས་རིང་ཆ་སྙོམས་འགྲུལ་པ་སྡོད་ཚད་57.6%ཟིན་པ་ལྟར་བརྩིས་ན། དེར་བཏང་བའི་མ་རྩ་ལོ་5ནང་ལོག་མོད། ཡིན་ན་ཡང་། མ་རྩ་མ་རག་གོང་རིམས་ནད་དང་ས་ཡོམ་སོགས་བར་ཆད་གཅིག་རྗེས་གཉིས་མཐུད་དུ་བྱུང་བས་དབྱང་ཡིའུ་ཤིན་གྱིས་སླར་ཡང་བུ་ལོན་སྒོར་ཁྲི་120གཡར་ནས་སྒོ་ར་ཆུང་ངུ་དེ་བསྐྱར་སྐྲུན་བྱས་པ་རེད།

    དུང་དཀར་ལུང་མཛེས་ལྗོངས་ཁུལ་སླར་ཡང་སྒོ་ཕྱེ་རྗེས་སྒོ་ར་ཆུང་ངུ་དེར་སྡོད་མཁན་ཡུལ་སྐོར་བ་ཡང་མང་དུ་ཕྱིན། 2023ལོའི་ཟླ་12ཚེས་30ཉིན་གྱི་སྔ་དྲོར། མངགས་ཐོ་མང་པོ་མེད་པས་ཞབས་ཞུ་བ་ངལ་གསོ་བཞག ཡིན་ན་ཡང་ཉིན་གུང་ཡོལ་ཙམ་ལ་དྲ་རྒྱའི་ལས་སྟེགས་ཐོག་མངགས་ཐོ་མང་པོ་འབྱོར་བས་ཞབས་ཞུ་བ་སླར་ཡང་སྐད་བཏང་བ་རེད།

    “མཛེས་ལྗོངས་ཁུལ་སླར་ཡང་སྒོ་ཕྱེ་རྗེས། སྲིད་གཞུང་གིས་ཀྱང་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པས། གྲོང་རྡལ་དུ་ཡུལ་སྐོར་བ་མང་པོ་ཡོང་གི་རེད”ཅེས་དབྱང་ཡིའུ་ཤིན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གློག་འཕྲིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།