རོགས་སྐྱོབ་མོ་ཊའི་གློག་སྒྲོན་གྱིས། ལེང་ཧྲུའེ་གྲོང་ཚོར་འོད་སྣང་སྦྱིན།
ཟླ་1ཚེས་22ཉིན་གྱི་མཚན་མོར། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་ཐང་ཧྥང་གྲོང་རྡལ་ལེང་ཧྲུའེ་གྲོང་ཚོའི་ས་ངོས་སུ་འཁྱགས་པ་ཐེབས་པས། ལུས་ཚོར་དྲོད་ཚད་དེ་པེ་ཅིང་ལས་ཀྱང་དམའ་བ་ཡོད། གྲོང་ཚོའི་ནང་ལམ་སྒྲོན་རེ་གཉིས་ལས་མེད་པས། ལེང་ཧྲུའེ་གྲོང་ཚོར་འོད་སྣང་སྦྱིན་མཁན་ནི་རོགས་སྐྱོབ་མོ་ཊའི་གློག་སྒྲོན་ཡིན་པ་རེད།
ཚེས་22ཉིན་གྱི་ཐོ་རེངས་སུ། ལེང་ཧྲུའེ་གྲོང་ཚོར་རི་ཉིལ་བའི་རང་བྱུང་གི་གནོད་འཚེས་གྲོང་ཚོའི་ཨར་འདམ་ལྕགས་རྩིབས་མའི་ཁང་པ་བསློགས་པ་དང་ཐ་ན་ཁང་པ་བསྣུབས་ནས་མི་47འབྲེལ་ཐག་ཆད་དེ་གར་སོང་ཆ་མེད་དུ་གྱུར། ཞོགས་པའི་ཆུ་ཚོད་5དང་སྐར་མ་55ཙམ་ལ། ཀྲའོ་ཐུང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་ཉེན་བརྡའི་ཁ་པར་འབྱོར་མ་ཐག་འཕྲལ་དུ་རི་ཉིལ་སར་རོགས་སྐྱོབ་བྱེད་པར་བསྐྱོད། ཚེས་22ཉིན་གྱི་ཉིན་གང་ཁུན་མིང་ནས་ཀྲེན་ཞུང་བར་གྱི་ལམ་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་ཚང་མར་ས་གནས་ཁག་ནས་རོགས་སྐྱོབ་ལ་ཡོང་མཁན་མང་པོ་མཐོང་ཐུབ།
ཀྲའོ་ཐུང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་མཐུན་སྒྲིལ་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ལི་ཧྲེང་ལུང་གིས་རི་ཉིལ་སར་ཉིན་གང་མྱུར་སྐྱོབ་ལས་དོན་བསྒྲུབས་ནས་བསྡད་པ་དང་། ལས་གྲྭའི་འཕྲུལ་ཆས་ཀྱིས་བྲག་རྡོ་ཆེན་པོ་བཀྱགས་རྗེས་ལི་ཧྲེང་ལུང་དང་འཐབ་གྲོགས་ཚོས་འཕྲལ་མར་སྲོག་རྒྱུན་འཚོལ་ཆས་སོགས་ཀྱི་སྒྲིག་ཆས་སྤྱད་དེ་མི་འཚོལ་སྐྱོབ་བྱེད་བཞིན་འདུག ལི་ཧྲེང་ལུང་གིས“འཚོལ་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དེ་ཆུ་ཚོད་72རིང་ཡིན་པས་ད་ལྟ་ང་ཚོས་དུས་ཚོད་སྔར་བས་དམ་འཛིན་བྱེད་དགོས”ཞེས་བརྗོད།
ད་ལྟ་ཉིལ་མ་ཐག་པའི་བྲག་རྡོ་བརྟན་པོ་མེད་རྐྱེན་ཡང་བསྐྱར་ཉིལ་བའི་ཉེན་ཁ་ཡོད་པས། དུས་ཚོད་དམ་འཛིན་གྱིས་མྱུར་སྐྱོབ་ལས་ལ་གཞོལ་དགོས་ལ་དེ་བས་ཞོར་ཐོན་གྱི་གནོད་འཚེ་མ་ཐོན་པ་བྱེད་དགོས། གནོད་འཚེ་ཐོན་རྗེས་ས་གནས་དེ་གའི་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པས་འཕྲལ་མར་ཉེ་འགྲམ་གྱི་གྲོང་མིའི་ཚོགས་ཆུང་གཉིས་ཀྱི་མང་ཚོགས་ཁ་བཀྲམ་པ་དང་། ཁག་གཅིག་རྫོང་གྲོང་དུ་སྤོས་པ། ཁག་གཅིག་གྲོང་རྡལ་དུ་བཀོད་སྒྲིག་བྱས་ཡོད། ལེང་ཧྲུའེ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཅི་ཡེ་ཧུང་གིས་གྲོང་ཚོའི་གང་སར་བརྒྱུགས་ནས་མང་ཚོགས་ཁ་འགྲེམ་པ་དང་། དངོས་ཟོག་མཐུན་སྦྱོར། འབྲེལ་མཐུད་རོགས་སྐྱོབ་བཅས་ལ་བྲེལ་བཞིན་འདུག འོན་ཀྱང་ཁོང་གིས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་ཞི་བདེ་སློབ་ཆུང་གི་སློབ་ཁུལ་རྙིང་པའི་ས་འོག་ཏུ་ལུས་མཁན་ཚོའི་ནང་མི་ཡིན་པ་དང་། མང་ཆེ་བས་ཉེ་འགྲམ་གྱི་ཞི་བདེ་སློབ་ཆུང་གི་སློབ་ཁུལ་རྙིང་པར་སྡོད་རྒྱུའི་གདམ་ག་བྱས་ཡོད།
མི་རེར་ཕོ་ཁེབས་གཉིས་དང་། ཉལ་ཁྲི་གཅིག ཀམ་པ་ལི་གཅིག་བཅས་ཡོད་པའི་ཁར་གློག་གི་དྲོད་ལེན་འཕྲུལ་ཆས་གཉིས་བཏང་ཡོད་པས་ཞི་བདེ་སློབ་ཆུང་གི་སློབ་ཁུལ་རྙིང་པའི་བཀོད་སྒྲིག་ས་ཚིགས་ཀྱི་ཁང་པ་ཧ་ཅང་དྲོ་པོ་ཡོད། བཅར་འདྲི་བྱེད་རིང་མང་ཚོགས་མི་ཉུང་བ་ཞིག་གི་ནང་མི་གནོད་འཚེའི་ཁྲོད་དུ་ད་དུང་འབྲེལ་ཐག་ཆད་ཡོད་པ་ཤེས་འཕྲལ། གསར་འགོད་པས་སྐད་ཆ་མང་པོ་མ་དྲིས་པར་གྲོང་ཚོའི་ལས་བྱེད་པ་དང་འདྲ་བར་ཁུ་སིམ་མེར་སྡོད་རོགས་བྱས། གྱོན་གོས་མཐུག་པོ་འབྱོར་བ་ཐོས་རྗེས། སྔ་དྲོ་ཁུན་མིང་ནས་ཕ་ཡུལ་དུ་ལོག་མ་ཐག་པའི་ཨ་ཅག་ཀྲང་ལགས་གྱོན་གོས་ལེན་པར་འགྲོ་རྩིས་བྱེད་སྐབས་དང་བླངས་པས། “ཁྱོད་ཀྱི་གྱོན་གོས་སྲབ་པོ་སོང་ཙང་། ང་ཚོས་ལེན་རོགས་བྱས་ཆོག”ཅེས་བརྗོད་ནས་དེ་མུར་ཁོ་མོའི་ཚབ་ཏུ་གྱོན་གོས་ལེན་པར་སོང་།
གེགས་བར་བྱུང་རྗེས་ས་གནས་དེ་གའི་སློབ་གྲྭས་འཕྲལ་མར་སློབ་གྲྭའི་ལས་མི་བསྐོངས་ནས་སློབ་གྲྭའི་ཟ་ཁང་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་དཔུང་ཁག་གི་བཟའ་བཏུང་འགན་ལེན་བྱས་ཡོད། “ཞོགས་པ་ཤ་མོག་བཟའ་རྒྱུ་ཡོད་པ་དང་། དགོང་མོ་འབྲས་ཚ་པོ་བཟའ་རྒྱུ་འདུག ཁང་པ་མེད་ཀྱང་སློབ་གྲྭའི་བཀོད་སྒྲིག་ས་ཚིགས་སུ་དྲོད་ལེན་འཕྲུལ་ཆས་ཡོད་པས་དོ་དགོང་གྲང་མོ་མི་འདུག”ཅེས་གྲོང་མི་ཝང་ལགས་ཀྱིས་བརྗོད།
གནོད་འཚེ་ཐོན་པའི་ཉིན་དེར་ལེང་ཧྲུའེ་གྲོང་ཚོར་དངོས་ཟོག་འདང་ངེས་ཡོད་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ཀྱི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དང་འབྲས་དང་ཚལ་ཚ་པོ་བཟའ་རྒྱུ་བྱུང་ཡོད་ལ་སྨན་བཅོས་ལའང་འགན་ལེན་ཐུབ་ཡོད། གསར་འགོད་པས་ཞི་བདེ་སློབ་ཆུང་གི་བཀོད་སྒྲིག་ས་ཚིགས་ཀྱི་གྲོང་རྡལ་གྱི་ལས་བྱེད་པར་དོ་དགོང་གང་དུ་ཉལ་རྩིས་ཡོད་དམ་ཞེས་དྲིས་པར། “དོ་དགོང་རོགས་སྐྱོབ་བྱེད་དགོས་པས། ཉལ་ཁོམ་མེད”ཅེས་ལན་བཏབ།