དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ས་མཐོའི་ཁྱད་ཆོས་འཚོལ་ཞིབ་བྱས་ཏེ་གངས་འཁྱགས་ཡུལ་སྐོར་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2024-01-24

    “དབྱར་ཁ་རི་ལ་ལྟ་བ་དང་དགུན་ཁ་གངས་ལ་བལྟས་ཆོག” ལུགས་རྙིང་ལོའི་ཟླ་བཅུ་གཉིས་པར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་དབྱི་ཡུལ་སྐོར་གྲོང་སྡེར་ནང་མི་རྒན་གཞོན་ཆ་ཚང་ཁྲིད་ནས་ཡུལ་སྐོར་ལ་ཡོང་བའི་ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཞུང་ཁའེ་ཡིས་འཁྱགས་འཁོར་འབུད་བཞིན་ཕྲུ་གུ་འཁྲིད་དེ་འཁྱགས་པའི་སྟེང་རྩེད་མོ་རྩེ་བཞིན་ཡོད་ཅིང་། ཁོང་གིས“ངས་སྔ་ས་ནས་འཆར་གཞི་བཀོད་ཟིན། ཕྱི་དྲོ་འཁྱགས་ཤུད་གློད་པ་དང་དགོང་མོ་གྲོང་སྡེའི་དམངས་སྲོལ་གནས་ཚང་དུ་བསྡད་དེ་བྱ་ཤ་བཙོས་མ་བཟས་རྗེས། མངོན་མིན་རིག་གནས་ཤུལ་བཞག‘ལྕགས་བཞུའི་མེ་སྟག’ལ་ལྟ་བར་འགྲོ་གི་ཡིན། ཉིན་གཉིས་པར་ཁྲོམ་གཞུང་རྙིང་པར་བསྐོར་ཏེ་ཡུལ་དེའི་སྲོལ་རྒྱུན་གྱི་ཇ་བཏུངས་ནས་གཟའ་མཇུག་འདི་སྐྱིད་པོ་ཞིག་གཏོང་གི་ཡིན”ཞེས་བཤད།

    གངས་འཁྱགས་ཡུལ་སྐོར་ནི་མཚོ་སྔོན་ཞིང་ཆེན་དུ་སྔ་ས་ནས་དར་ཁྱབ་ཆེན་པོ་ཡོད། དེ་དག་ལས་དགའ་བསུ་ཆེ་ཤོས་ཐོབ་པ་ནི་གངས་ཤུད་དང་འཁྱགས་ཤུད་རེད།

    རི་རབ་མྱུ་ཁྱུད་སྦྲེལ་བའི་རང་བྱུང་ས་ཁམས་ཀྱི་ཁོར་ཡུག་གི་རྐྱེན་པས་མཚོ་སྔོན་ལ་གངས་རིའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཞིང་ཆེན་ལུས་རྩལ་ཅུས་དགུན་དུས་ཕྱི་རོལ་འགྲན་བསྡུར་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝུའེ་ཏུང་གིས“མཚོ་སྔོན་ལ་གངས་ཤུད་ཐང་16ཡོད། མཚོ་སྔོན་དུ་དགུན་ཁ་དྲོད་ཚད་དམའ་བས་ས་གཞི་ཡོངས་ཁ་བས་བཀླུབས་ཏེ་ཉེ་འཁོར་གྱི་གངས་ཤུད་དབྱིངས་པ་ཚོའང་གངས་ཤུད་གློད་པར་ཡོང་གི་ཡོད་པས་ཟི་ལིང་དང་མཚོ་ཤར་སོགས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་ཐེབས་ཡོད”ཅེས་ངོ་སྤྲོད་བྱས། མི་རིང་བའི་གོང་གི་གནམ་ལོ་གསར་ཚེས་སྐབས། ཟི་ལིང་གི་ཕྱི་རོལ་ལུས་རྩལ་དབྱིངས་པ་ཧྥུའུ་ཅང་གིས་གྲོགས་པོ་དང་མཉམ་དུ་གངས་དཀར་རི་བོ་འཛེག་པར་ཡོང་ཞིང་། འཇུ་ལག་རྫོང་ཁོངས་སུ་གནས་པའི་གངས་དཀར་རི་བོ་ནི་རྒྱལ་ཁབ་རིམ་པའི་གངས་ཤུད་རི་འཛེག་རྟེན་གཞི་ཞིག་ཡིན་པ་དང་། འཇུ་ལག་རྫོང་གིས“གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་སྤེལ་རེས་འདུ་ཚོགས”སྐབས་མང་པོ་གཉེར་་བ་དང་དགུན་ཁ་ཡང་སྔར་བཞིན་ཧ་ཅང་འཁྲུག་པོ་ཡོད། “ཉིན་ལྟར་རི་འཛེག་སྔོན་མངགས་བྱེད་མཁན་མང་པོ་འདུག ད་དུང་མཚོ་སྔོན་ཡུལ་ཤུལ་ཁོངས་སུ་གངས་དཀར་རི་བོ་ཕུད་གཡུ་འབྲུག་ལར་ཡང་རི་འཛེག་གྲོང་སྡེ་གཏོད་བཞིན་ཡོད། 2023ལོར་གངས་རི་འཛེག་པ་ལས་ཡུལ་སྐོར་བ་ཆིག་ཁྲི་ཙམ་གྱི་ཡིད་དབང་བཀུག་ཡོད”ཅེས་ལི་ཝུའེ་ཏུང་གིས་ངོ་སྤྲོད་བྱས།

    མཚོ་སྔོན་གྱི་མིང་བྱང་ཞིག་ཡིན་པའི་དགུན་དུས་ཀྱི་མཚོ་སྔོན་པོ་མ་གཞི་དར་ཆགས་ཡོད་ནའང་ཡུལ་སྐོར་བ་མང་པོ་ཞིག་དེའི་སྙན་གྲགས་ཀྱིས་ཡིད་དབང་འཕྲོག་ནས་ལྟ་བར་ཡོང་གི་ཡོད། ལུགས་རྙིང་ལོའི་ཟླ་བཅུ་གཉིས་པར། གསར་འགོད་པ་མཚོ་སྔོན་པོའི་ལྷོ་སྐོར་ཡུལ་སྐོར་གཞུང་ལམ་དུ་སྐྱོད་སྐབས་ཞིང་ཆེན་གཞན་དག་གི་འཁོར་རྟགས་བསྒར་བའི་རླངས་འཁོར་མང་པོ་མཐོང་རྒྱུ་འདུག གཡུ་ལྟར་སྔོ་བའི་མཚོ་ངོས་ལྷིང་འཇགས་གེར་གནས་ཤིང་། མཚོ་ངོགས་སུ་སྐྱོད་སྐབས་འཁྱགས་ཧྲུག་མང་པོ་མཚོ་ངོགས་སུ་རིམ་བཞིན་ཕུང་གསོག་ཐེབས་ནས་འོད་ཆེམ་ཆེམ་འཕྲོ་བཞིན་ཐུན་མོང་མ་ཡིན་པའི་ཉམས་སྣང་ཞིག་མངོན། བྱང་ངོགས་ཀྱི་ཆུ་མིག་འདམ་རར། རྐང་ཚ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅཱ་ཀྲེན་པིན་གྱིས“ང་ཚོས‘དགུན་དུས་མཚོ་བྱང་དུ་ཡུལ་སྐོར་བྱེད་པའི’བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་བཙུགས་པས་ཡུལ་སྐོར་བ་ཚོས་དགུན་དུས་ཀྱི་མཚོ་སྔོན་པོར་ཐག་ཉེ་ས་ནས་ལྟ་རོལ་བྱེད་ཆོག”ཅེས་ངོ་སྤྲོད་བྱས།

    2023ལོའི་དགུན་ཁར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“འབྲི་ཆུ་དང་ཙོང་ཆུའི་དམངས་སྲོལ་རིག་གནས”“འབྲི་ཆུ་དང་ཙོང་ཆུའི་གནའ་ལམ་གྱི་གངས་འཁྱགས”སོགས་བརྗོད་དོན་གཙོ་བོར་བྱས་ཏེ་དགུན་དཔྱིད་གཉིས་ཀྱི་སྤུས་དག་ཡུལ་སྐོར་ལམ་ཐིག་11ཁྱབ་གདལ་བཏང་བའི་ནང་། ལམ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་མུ་ལ་སྟར་རྒྱུས་ཡིན་པའི“གངས་ཤུད་ལམ་ཐིག”ཡོད་ལ། སྟོང་སྐོར་རྩྭ་སྐྱ་ལུང་པ་མཛེས་ལྗོངས་ཁུལ་གྱི་ཐུར་ཆགས་འཁྱགས་རོམ་དང་། འཁྱགས་རལ་མཛེས་ལྗོངས། གློག་སྒྲོན་ཚོན་ཁྲའི་མཛེས་ལྗོངས་སོགས“གངས་འཁྱགས་མཛེས་ལྗོངས་ལམ་ཐིག”ཡོད་པ་དང་ད་དུང་སྟོང་སྐོར་གྱི་ཚོན་སྒྲོན་དང་མེ་ཏོག་མཆོད་པ་སོགས་དམངས་སྲོལ་འདུ་ཚོགས་གྱི་ཡུལ་སྐོར་ལམ་ཐིག་ཀྱང་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་ནས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་བར། མཚོ་སྔོན་ཞིང་ཆེན་གྱིས་དགུན་དཔྱིད་གཉིས་ཀྱི་རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་ཀྱི་བྱེད་སྒོ་200ལྷག་ཙམ་ཁྱབ་གདལ་བཏང་དང་གཏོང་མུས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།