རང་རྒྱལ་དུ་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་8.05ཟིན་པ།
ཉེ་ཆར་གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར། 2023ལོའི་ལོ་མཇུག་བར། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་5Gཡི་སྦྲེལ་ཚུགས་ཁྲི་337.7ཡན་བསྐྲུན་ཟིན་པ་དང་། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་8.05ཟིན་ནས་དྲ་རྒྱའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་དང་དྲ་རྒྱའི་བཀོལ་སྤྱོད་ཀྱང་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
དྲ་རྒྱའི་རྨང་གཞི་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་འོད་སྐུད་དང་སྒུལ་བདེའི་དྲ་ཆེན་དྲ་རྒྱ་ཆེ་ཤོས་བསྐྲུན་ནས་ས་ཁུལ་རིམ་པའི་གྲོང་ཁུལ་དང་རྫོང་གྲོང་ཚང་མར་ཁྱབ་པ་དང་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་5Gཤར་གཏོང་ཐུབ་པའི་བསྡུར་གྲངས་80%ཡན་ཟིན་ཡོད་པ་རེད། འཕྲིན་གཏོང་གློག་ཤིང་གི་ཐོན་ཁུངས་དང་སྤྱི་ཚོགས་གློག་ཤིང་གི་ཐོན་ཁུངས་གཉིས་ཀར་མཉམ་སྤྱོད་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་སྦྲེལ་ཚུགས་90%ཡན་མཉམ་སྐྲུན་མཉམ་སྤྱོད་ཐུབ་ཡོད། 5Gསྦྲེལ་ཚུགས་ཀྱི་ས་ཚིགས་རྐྱང་པའི་ནུས་རྒྱུ་ཟད་གྲོན་ཚོང་སྤྱོད་ཀྱི་ཐོག་མའི་དུས་ལས་20%ལྷག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད།
གསར་གཏོད་ནུས་པ་ཟམ་མི་ཆད་པར་ཇེ་ཆེར་སོང་ཞིང་། རང་རྒྱལ་གྱི་5Gལག་རྩལ་ཐོན་ལས་ཀྱི་ལག་རྩལ་ཚད་གཞི་དང་། དྲ་རྒྱའི་སྒྲིག་ཆས། མཐའ་སྣེའི་སྒྲིག་ཆས་སོགས་ཐད་ཀྱི་གསར་གཏོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མྱུར་ཚད་ལྡན་པའི་5Gཡི་ལྟེ་བའི་དྲ་བ་དང་གཏན་འཁེལ་ཅན་གྱི་སྦྲེལ་ཚུགས་སོགས་ལས་ཚོང་སྤྱོད་བཀོད་སྒྲིག་མངོན་འགྱུར་བྱུང་ཡོད། 5Gབཟོ་ལས་དྲ་སྦྲེལ་འགག་སྒོ་དང་སྐོར་གཡེང་ཞིབ་བཤེར་འཕྲུལ་མི་སོགས་མཐའ་སྣེ་གསར་པ་ཁག་གཅིག་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞིབ་འཇུག་གསར་སྤེལ་བྱས་ཡོད། 5Gཚད་གཞིའི་དགོས་ངེས་ཀྱི་ཁེ་བེད་བདག་ཐོབ་གསལ་བསྒྲགས་བྱེད་ཚད་གོ་ལ་ཧྲིལ་པོའི་བསྡུར་ཚད་42%ལས་བརྒལ་ནས་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་ཡོད།
ནུས་སྤྲོད་ཕན་འབྲས་རྒྱུན་མཐུད་ངང་མངོན་གསལ་དོད་དུ་ཕྱིན་ཞིང་། མཉམ་འདྲེས་བཀོལ་སྤྱོད་ཀྱི་ཁྱབ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་5Gལས་རིགས་ཀྱི་བཀོལ་སྤྱོད་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་71ནང་ཚུད་པ་དང་། བཀོལ་སྤྱོད་ཀྱི་དཔེ་མཚོན་གྲངས་གཞི་ཁྲི་9.4ལས་བརྒལ་བ། 5Gལས་རིགས་ཀྱི་རྟོག་བཟོའི་ཆེད་ལས་དྲ་བ་ཁྲི་2.9ལས་བརྒལ་བ་བཅས་རེད། 5Gདེ་ཉིད་བཟོ་ལས་དང་། གཏེར་ལས། གློག་ཤུགས། གྲུ་ཁ། སྨན་བཅོས་སོགས་ལས་རིགས་སུ་སྤྱོད་རྒྱུ་ཁྱབ་སྤེལ་གཏིང་ཟབ་བཏང་ཡོད། “5G+བཟོ་ལས་དྲ་སྦྲེལ”རྣམ་གྲངས་ཁྲི་1ལས་བརྒལ་ཡོད་པ་རེད།