ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པའི་ཕྱོགས་སྟོན》གྱི་རྒྱལ་ཁབ་ཚད་གཞིར་འགྲེལ་བཤད་བརྒྱབ་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ《གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པའི་ཕྱོགས་སྟོན》གྱི་རྒྱལ་ཁབ་ཚད་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པར་དམིགས་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་དེར་འགྲེལ་བཤད་བརྒྱབ་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་2023ལོའི་ཟླ་12ཚེས་28ཉིན《གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པའི་ཕྱོགས་སྟོན》གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱེད་པར་ཆོག་མཆན་སྤྲད་པ་རེད། ཚད་གཞི་དེ་ཁྱབ་བསྒྲགས་དང་ལག་ལེན་བསྟར་བ་དེས་རྒྱལ་ཡོངས་སུ་འཆར་འགོད་དེ་བས་ལུགས་མཐུན་དང་། འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བ། ནང་དོན་སླར་ཡང་གསབ་སྣོན། དཔལ་འབྱོར་གཞན་སྒྱུར་ཐུབ་པ། རྒྱུན་མཐུད་ཆོག་པར་སྲུང་སྐྱོང་བཅས་ཀྱི་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པར་ཁ་ཡོད་ལག་ཡོད་དང་སྤྱོད་གོ་ཆོད་པའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་དང་། སྒོ་རའི“མཛེས་པ་ཆུང་ངུར”བརྟེན་ནས་གྲོང་གསེབ་ཀྱི“མཛེས་པ་ཆེན་པོར”སྐུལ་འདེད་བཏང་སྟེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་གསར་པ་གཏོད་པར་འདེགས་སྐྱོར་གལ་ཆེན་བྱེད་ཐུབ།
ཚད་གཞི་དེས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་དང“ལས་གྲྭ་ཁྲི་སྟོང”མཛུབ་ཁྲིད་དུ་བྱས་ཏེ། མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པའི་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་བཏང་སྟེ་ས་གནས་ཁག་གིས་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་སྒོ་ར་གསར་སྐྲུན་དང་། ལེགས་བཅོས(རྒྱས་སྐྲུན)དོ་དམ་བཅས་ལ་ཚན་རིག་དང་མཐུན་པའི་སྐུལ་འདེད་དང་མཛུབ་ཁྲིད་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། ཨན་ཅེ་རྫོང་གི་མཛེས་སྡུག་ལྡན་པའི་སྒོ་ར་སྐྲུན་སྟངས་ཀྱི་རྨང་གཞིའི་ཐོག་ས་གནས་ཁག་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་འབྲེལ་ཡོད་སྲིད་ཇུས་ཀྱི་ཡིག་ཆ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་སྒོ་རར་གཞི་རྩའི་རྩ་དོན་དང་། སྒོ་རའི་བཀོད་པ་དང་ཕྱིའི་རྣམ་པ། ཁོར་ཡུག་གཙང་སྦྲ། ཁྱིམ་སྲོལ་ཡ་རབས། སྒོ་རའི་དཔལ་འབྱོར། ཕུགས་ཕན་དོ་དམ་སོགས་ཐད་ཀྱི་མཛུབ་ཁྲིད་བྱས་པ་ལས། ཚད་ལྡན་གྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་། སྤྱོད་གོ་ཆོད་པའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་མཐོ་རུ་སོང་ཡོད། གཅིག་ནས་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པའི་ཕྱིའི་རྣམ་པའི་ཁ་གསལ་བཟོས་ཤིང་། ས་ཆ་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་ངང་སྤྱད་དེ་འཚོ་བ་དང་། ཐོན་སྐྱེད། སྤྲོ་གསེང་། རིག་གནས་སོགས་ཀྱི་བྱེད་ནུས་ཁོར་ཡུག་འཆར་འགོད་ལུགས་མཐུན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཁོར་ཡུག་བཀོད་སྒྲིག་ཚན་རིག་དང་མཐུན་པ་དང་། སྤྱོད་གོ་ཆོད་པ། མཐུན་སྦྱོར་བཅས་ཡོང་བར་སྣང་ཆེན་བྱེད་དགོས་པ། ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་ཀྱི་ཁྱད་ཆོས། ཁྱིམ་ཚང་གི་དགོས་མཁོ་སོགས་ལ་གཞིགས་ནས་འཆར་འགོད་འཛུགས་སྐྲུན་བྱེད་པ་དང་གྲོང་ཚོའི་འཆར་འགོད་དང་། ཉེ་འཁོར་གྱི་ཡུལ་ལྗོངས། སྐྱེ་ཁམས་ཁོར་ཡུག་བཅས་དང་མཐུན་པར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གཉིས་ནས་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པའི་རིག་གནས་ཀྱི་ནང་དོན་ཟབ་ཏུ་བཏང་ཞིང་། སྒོ་རའི་བདག་པོས་སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་ཞུས་ཏེ་རྒྱལ་གཅེས་ཁྲིམས་སྲུང་དང་། ལས་གཅེས་ལས་བཀུར། ཟོལ་མེད་ཡིད་རྟོན། ལས་བརྩོན་ཕྱུག་འགྱུར་དང་། ཡ་རབས་སྐྱོན་བྲལ། ལྗང་མདོག་ཐཱན་ཉུང་སོགས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། ཁྱིམ་ཚང་གི་སྤྱོད་བཟང་དར་སྤེལ་དང་ཁྱིམ་མཚེས་དབར་འཆམ་མཐུན་རོགས་རེས་བཅས་བྱས་ནས་ཁྱིམ་སྲོལ་བཟང་པོ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད། གསུམ་ནས་མཛེས་སྡུག་ལྡན་པའི་སྒོ་ར་བསྐྲུན་པའི་དཔལ་འབྱོར་ཕན་འབྲས་རྒྱ་སྐྱེད་དུ་བཏང་ཞིང་། སྒོ་རའི་ནང་དཔལ་འབྱོར་ནུས་པ་ཐོན་པའི་མེ་ཏོག་དང་རྩི་ཤིང་འདེབས་འཛུགས་དང་། ལག་ཤེས་བཟོ་ཁང་དང་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་སོགས་ཁྱད་ལྡན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་དར་སྤེལ་གཏོང་བ། ཆ་རྐྱེན་ཡོད་པ་ཚོས་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང་དང་། སྤྲོ་གསེང་ཞིང་ར། ཞིང་པའི་སྤྲོ་སྐྱིད་ཁང་སོགས་འཕེལ་རྒྱས་གཏོང་ཆོག་པ། སྒོ་ར་སྤྱད་དེ་དྲ་ཐོག་ཚོང་དོན་དང་། ཐད་གཏོང་ཟོག་ཚོང་། མྱུར་སྐྱེལ་ཚབ་གཉེར་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བཏང་བ་བཅས་རེད།