དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོས་མཉམ་ལས་བྱས་ནས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-21

    འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཝུའེ་ཤིན། པེ་ཙེ་ཝུའེ།

    2023ལོའི་ཟླ་7པ་ནས་ཟླ་8པའི་བར། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་མངའ་འོག་གི་ཀྲུང་གོ་མཁའ་འགྲུལ་ལག་རྩལ་རྒྱལ་སྤྱི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས(ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སི་ཞེས་བསྡུ་རྒྱུ)གཙོ་གཉེར་བྱས་པའི་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་སྐབས་བརྒྱད་པ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པིར་གཉེར་ནས་ཁེན་ནི་ཡ་དང་། ཁོ་ཐེ་ཏི་ཝ། ཨེ་ཅིབ་སོགས་རྒྱལ་ཁབ་9ནས་ཡོང་བའི་རུ་ཁག་83དང་སློབ་མ་32འགྲན་བསྡུར་ནང་ཞུགས་པའི་ཡིད་དབང་བཀུག་ཡོད།

    “སྐབས་འདིའི་འགྲན་བསྡུར་གྱི་གྲངས་གཞིའི་ཚོད་འཛིན་རླངས་འཁོར་འགྲན་བསྡུར་ནང་ཁེན་ནི་ཡ་ནས་ཡིན་པའི་ཝུའེ་ཁེ་ཏུའོ·ཨེན་ཀུའུ་མུའུ་པའོ·མུའུ་ཨའེ་ལ་མི་སྒེར་གྱི་ཨང་དང་པོ་ཐོབ་འདུག”ཅེས་གཙོ་སྐྱོང་བས་མཐའ་མའི་འགྲན་བསྡུར་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག མུའུ་ཨའེ་ཡིས་སྤྲོ་སྣང་རབ་ཏུ་འཕེལ་བཞིན་དུ་གར་སྟེགས་ཐོག་བསྐྱོད་ནས་བྱ་དགའི་ལག་ཁྱེར་བླངས། ཁོང་ལ་ད་དུང་སྦྱང་འབྲས་གཟེངས་སུ་ཐོན་པའི་བྱ་དགའ་ཐོབ་ནས་ཀྲུང་གོར་ཟབ་སྦྱོང་བྱེད་པར་བསྐྱོད་རྒྱུ་རེད། “ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་གྱིས་ང་ཚོར་དེང་རབས་ལས་གྲྭའི་སྒྲིག་ཆས་དང་ལག་རྩལ་ལ་རྒྱུས་ལོན་བྱེད་པའི་ལས་སྟེགས་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་བའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་རྗེས་སྦྱངས་པའི་ཤེས་བྱ་སྤྱད་དེ་དག་ཁེན་ནི་ཡའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

    2014ལོར། ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སིས་གྲོས་འགོ་བཏོན་པ་དང་འབྲེལ་མ་དངུལ་ཚང་མ་བཏང་ནས་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་ཀྱི་འགྲན་སློང་འགྲན་བསྡུར་ལ་རོགས་སྐྱོར་བྱས་པ་རེད། སློབ་ཡོན་མི་དགོས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་འགྲན་བསྡུར་བྱས་པ་བརྒྱུད་ས་གནས་དེ་གའི་གཞོན་ནུའི་ལས་ཞུགས་རྩལ་ནུས་ཆེ་རུ་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད།

    “སྔོན་ལ་གསོ་སྦྱོང་དང་དེ་རྗེས་འགྲན་བསྡུར་བྱེད་པ”ནི་གླིང་ཆེན་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་གྱི་ཁྱད་ཆོས་ཆེན་པོ་ཞིག་རེད། འགྲན་བསྡུར་གྱི་གོང་དུ་གཙོ་གཉེར་ཕྱོགས་ཀྱིས་འགྲན་ཞུགས་བདམས་ཐོན་པ་ཡོངས་ལ་དུས་ཡུན་གཟའ་འཁོར5ནས་6བར་གྱི་ལག་ལེན་བཀོལ་སྤྱོད་གསོ་སྦྱོང་བྱེད་པ་དང་། ཀྲུང་གོའི་དགེ་རྒན་གྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་འབྲེལ་ཡོད་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་འཆད་འཁྲིད་བྱེད་པ་མ་ཟད། འཕྲུལ་འཁོར་བཀོལ་སྤྱོད་ལག་ལེན་བྱེད་པའི་གོ་སྐབས་སྤྲད་དེ་བདམས་ཐོན་པའི་ལག་རྩལ་གྱི་ཆུ་ཚད་མཐོ་རུ་འགྲོ་བར་རོགས་རམ་བྱེད་ཀྱི་ཡོད། ལག་རྩལ་ཁོང་དུ་ཆུད་རྗེས་བདམས་ཐོན་པ་ཚོར་སློབ་མཇུག་འགྲིལ་བའི་ལག་ཁྱེར་རག་པ་དེས་ཕྱིས་སུ་རང་ཉིད་ལས་ཀ་འཚོལ་བར་ཕན་ཐོགས་གི་ཡོད། “ཀྲུང་གོའི་དགེ་རྒན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སེམས་རྩ་འཁོལ་ཞིང་ངང་རྒྱུད་རིང་བས། ཁོང་ཚོའི་རོགས་རམ་འོག་ང་ཚོར་ཤེས་བྱ་མང་པོ་ཤེས་བྱུང”ཞེས་ཧྥེ་སིས་མྱོང་ཚོར་ཟབ་མོས་བརྗོད།

    ཀྲེ་ཅང་ཧང་ཀྲོའུ་ཡི་ཀྲེ་ཅང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་དུ་ལོ་27ལ་སླེབས་པའི་ཐན་ཙན་ནི་ཡའི་ཕོ་གཞོན་ཨ་ཕོ་ལུའོ·ཀེ་ཏེ་དབུན·མཱ་ཐུའུ་ལུའོ་ཡིས་ནན་ཏན་ངང་སློབ་ཚན་ཉན་བཞིན་དུ་ཟིན་བྲིས་འགོད་བཞིན་འདུག 2019ལོར་མཱ་ཐུའུ་ལུའོ་ལ་གླིང་ཆེན་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་ནང་ཨང་གསུམ་པ་ཐོབ་ཡོད། 2023ལོའི་ཟླ་5པར། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་ནས་རིག་ནུས་བཟོ་སྐྲུན་སློབ་གླིང་དུ་དུས་ཡུན་ལོ་གསུམ་དང་ཕྱེད་རིང་གི་སློབ་སྦྱོང་འཚོ་བ་སྐྱེལ་འགོ་ཚུགས། “འདི་ནི་ང་རང་གླིང་ཆེན་ཨ་ཧྥེ་རི་ཁ་ནས་ཕྱིར་ཐོན་ཐེངས་དང་པོ་ཡིན། ངས་ཕྱི་སྦྱོང་གི་གོ་སྐབས་དེར་དམ་འཛིན་ཡག་པོ་བྱས་ནས་ཤེས་བྱ་གསར་པ་སྦྱོང་བ་དང་རྩལ་ནུས་གསར་པ་ཁོང་དུ་ཆུད་པར་བྱེད་ཀྱི་ཡིན”ཞེས་མཱ་ཐུའུ་ལུའོ་ཡིས་བརྗོད།

    ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིའི་ཆ་འགྲིག་སྒྲིག་ཆས་ཚད་ཡོད་ཀུང་སིའི་ལས་རིགས་སློབ་གསོ་པུའི་མཐོ་རིམ་རྣམ་གྲངས་ཀྱི་ཅིང་ལི་ཧོང་ཤུས་ཧྲེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། ཁེན་ནི་ཡ་དང་། ཨེ་ཅིབ། ཝུ་ཀན་ཏ། ཀག་ན་སོགས་རྒྱལ་ཁབ་10ཡི་ཆེད་ཚན་དང་འབྲིང་རིམ་སློབ་གྲྭ་དང་སློབ་གླིང་300ལྷག་ཙམ་གྱི་བདམས་ཐོན་པ་1300ལ་ཉེ་བ་གླིང་ཆེན་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་ནང་ཞུགས་ཡོད།

    ལོ་29ལ་སླེབས་པའི་ཅི་ཕུའུ་ལ་ཅ་ཐེ·ཁེན་ཉི་སི་2023ལོའི་དབྱར་ཁ་ཀྲུང་གོར་སློབ་སྦྱོང་བྱེད་པར་སླེབས། འཕྲུལ་ཆས་མི་སྣ་དང་རང་འགུལ་ཅན་གྱི་ལག་རྩལ་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ཁོང་གི་ཕུགས་བསམ་རེད། “རིག་ལྡན་འཕྲུལ་ཆས་དང་གླེང་མོལ་བྱེད་ཤེས་པའི་ལག་རྩལ་ཆེ་མོ་བ་ཞིག”བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ལོ་31ལ་སླེབས་པའི་སཱ་མུའུ་སེན·ཨན་ཁོ་པ·ཨ་མོན་ཡ་ནི་ཁེན་ནི་ཡའི་སྒུལ་བདེ་འཕྲིན་གཏོང་གཉེར་སྐྱོང་ཀུང་སི་ཆེ་ཤོས་ཀྱི་ཇུས་གཞི་ཐག་གཅོད་ཀྱི་ལག་རྩལ་ཆེ་མོ་བ་ཞིག་ཡིན་ཞིང་། ཁོང་གིས་ཕུལ་བྱུང་གི་འགྲན་ཞུགས་གྲུབ་འབྲས་ལས་པེ་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དུ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་སློབ་སྦྱོང་བྱས། ཁོང་གིས་འགྲན་དོན་འདིས་གླིང་ཆེན་ཨ་ཧྥེ་རི་ཁའི་ན་གཞོན་མང་པོར་འབྱུང་འགྱུར་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་མ་གསང་དྲང་པོར་བརྗོད། ལོ་33ལ་སླེབས་པའི་ཉིའུ་ཏུན·སྨི་ལི་མུའུ་2018ལོར་འགྲན་བསྡུར་ནང་ཞུགས་ཤིང་། གྲུབ་འབྲས་ཕུལ་དུ་བྱུང་བས་འགྲན་བསྡུར་མཇུག་འགྲིལ་རྗེས་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིའི་ཁེན་ནི་ཡའི་ལས་རིགས་སློབ་གསོའི་རྣམ་གྲངས་ནང་ལས་ཞུགས་ཐུབ་ཡོད། ད་ཆ་ཁོང་ནི་སྒྲིག་སྦྱོར་སྙོམ་སྒྲིག་ཚོད་ལྟའི་ལག་རྩལ་ཆེ་མོ་བའི་ཚན་ཁག་གི་ཙུའུ་ཀྲང་རེད།

    ཁེན་ནི་ཡ་མེ་ལུའུ་རྒྱལ་བཙུགས་རང་བྱུང་བཟོ་སྐྲུན་སློབ་གླིང་གི་རླངས་འཁོར་ཉམས་བཟོ་དངོས་སྦྱོང་འཁོར་ཁང་དུ་སློབ་མ་ཚོས་རྒན་ལགས་གཡོད་ཧན·མུའུ་ལི་ཤིས·ཅི་ལཱ་ཡི་མཛུབ་ཁྲིད་འོག་རླངས་འཁོར་ཉམས་བཟོའི་རྩལ་ནུས་སྦྱངས་བཞིན་ཡོད། ཅི་ལཱ་2018ལོ་དང་2019ལོར་ཀྲུང་གོ་ཕྱོགས་ཀྱི་དུས་ཡུན་ལོ་ཕྱེད་ཀྱི་སློབ་ཁྲིད་རྩལ་ནུས་གསོ་སྦྱོང་ནང་ཞུགས་མྱོང་ཡོད། “ཀྲུང་གོའི་དགེ་རྒན་གྱིས་ང་ལ་སློབ་ཁྲིད་ཀྱི་ཉམས་མྱོང་བསླབས་པ་མ་ཟད། ངའི་སློབ་ཁྲིད་འདུ་ཤེས་ལེགས་སུ་གཏོང་རོགས་ཀྱང་གནང་བྱུང་། ཁོང་ཚོའི་རོགས་རམ་འོག་ད་ཆ་ང་ཚོས་སློབ་ཁྲིད་ཀྱི་ལག་ལེན་ལ་དེ་བས་མཐོང་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་སློབ་མ་ཚོས་རྩལ་ནུས་ཁག་སྔར་བས་ཁོང་དུ་ཆུད་རྒྱུར་ཕན་པ་ཡོད། ངས་ད་དུང་ཤེས་པའི་སློབ་ཁྲིད་ཀྱི་ཉམས་མྱོང་ངའི་ལས་རོགས་ཚོར་མཉམ་སྤྱོད་བྱེད་ཀྱི་ཡིན། དེ་འདྲ་བྱས་ན་ཁོང་ཚོར་ཕན་པ་ཐོབ་པ་དང་སྦྲགས་སློབ་གྲྭའི་སྤྱི་ཡོངས་ཀྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་འགྲོ་ཐུབ”ཅེས་ཅི་ལཱ་ཡིས་བརྗོད།

    ཁེན་ནི་ཡ་སློབ་གསོ་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་ལས་རིགས་སློབ་གསོའི་རྣམ་གྲངས་ཀྱིས་ས་གནས་དེ་གར་དགེ་རྒན་1500ལྷག་ཙམ་དང་ལག་རྩལ་པ་ཁྲི་6ལྷག་ཙམ་ལ་གསོ་སྦྱོང་བྱས་པས། ཁེན་ནི་ཡའི་ཅུན་དང་རྫོང་47ནས་ཡོང་བའི་སློབ་གྲྭ་154ལ་ཕན་པ་ཐོབ་ཡོད་པ་རེད།

    ཁེན་ནི་ཡ་ཕུད་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིའི་ཀུང་སིས་ད་དུང་ཝུ་ཀན་ཏ་དང་། ཀ་པོན། ཀག་ན། ཁོ་ཐེ་ཏི་ཝོར། ཙན་པི་ཡ་སོགས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་མཉམ་ལས་བྱས་ནས་ལས་རིགས་སློབ་གསོའི་ཐག་གཅོད་ཇུས་གཞིར་འཚོལ་ཞིབ་བྱས་ཡོད། མིག་སྔའི་བར་ཆེད་ཚན་དང་འབྲིང་རིམ་སློབ་གྲྭ་དང་སློབ་གླིང་177རིམ་སྤོར་སྒྱུར་བཀོད་བྱས་པ་དང་། ལས་རིགས་སློབ་གྲྭ་དང་སློབ་གླིང་3གསར་དུ་བསྐྲུན་པ་མ་ཟད། ད་དུང་ལས་རིགས་སློབ་གྲྭ་དང་སློབ་གླིང་9འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

    འདི་ནི་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སིས་སྐྲུན་འགན་འཁུར་བའི་ཅ་པོན་ཨེན་ཁའོ་ཁེའི་ལས་རིགས་སློབ་གསོའི་གསོ་སྦྱོང་ལྟེ་གནས་ཡིན་པ། ཧོ་ཏེ་ཡུས་ཀྱིས་པར་བླངས།

    ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་གྱིས་ཕུལ་བྱུང་བདམས་ཐོན་པར་ཀྲུང་གོར་སློབ་སྦྱོང་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད། འདི་ནི་ཕྱི་སྦྱོང་སློབ་མ་ཚོས་ཀྲེ་ཅང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་རིག་ནུས་བཟོ་སྐྲུན་དངོས་སྦྱོང་འཁོར་ཁང་དུ་ལྟ་སྐོར་བྱེད་བཞིན་པ། ཡོན་ཅོན་ཅེས་པར་བླངས།

    ཀྲུང་གོ་ཕྱོགས་ཀྱི་གསོ་སྦྱོང་དགེ་རྒན་ལུའེ་མིང་ཝུའེ་ཡིས་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་སྐབས་བརྒྱད་པར་ཞུགས་མཁན་བདམས་ཐོན་པར་གྲངས་གཞིའི་ཚོད་འཛིན་རླངས་འཁོར་སྒྲིག་སྦྱོར་གྱི་འབྲེལ་ཡོད་གཞུང་ལུགས་གསོ་སྦྱོང་བྱེད་བཞིན་པ། ཀྲང་ཡུང་གིས་པར་བླངས།

    ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་སྐབས་བརྒྱད་པར་ཙན་པི་ཡའི་འགྲན་ཞུགས་བདམས་ཐོན་པས་འཕྲུལ་འཁོར་གྱི་ལྷུ་ལག་ལས་སྣོན་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་ཁེན་ནི་ཡ་ཡན་ལག་ཁང་གི་གསར་འགོད་པ་ཏེང་ཁེན·ཤིས་ཁོ་གཡོད་ཀྱིས་པར་བླངས།

    འདི་ནི་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་ཀུང་སིས་སྐྲུན་འགན་འཁུར་བའི་ཝུ་ཀན་ཏའི་རྒྱལ་ཁབ་ཚན་རྩལ་ལས་གྲྭ་དང་གསར་གཏོད་རྩལ་ནུས་མཐོར་གཏོང་ལྟེ་གནས་ཡིན་པ། ཡུས་ཕེང་ཧྥེས་པར་བླངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།