དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་གསེབ་ཀྱི་ཐོན་ལས་གནད་སྨིན་དངོས་སྒྲུབ་ངང་སྐྱེད་སྲིང་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཤའོ་ཆིང་།   |     སྤེལ་དུས།  2024-01-20

    ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ”དང“ཞིང་ལས་འདི་ཉིད་དེང་རབས་ཅན་ཀྱི་ཐོན་ལས་ཆེ་མོར་གཏོད་དགོས་པ”བཏོན་ཡོད། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག“གྲོང་གསེབ་ཀྱི་ཐོན་ལས་གནད་སྨིན་དངོས་སྒྲུབ་ངང་སྐྱེད་སྲིང་བྱེད་དགོས་པ”བཏོན་ཡོད།

    སྣེ་འདྲེན་སྟོབས་ཆེར་གཏོང་བ་དང་། འབྲེལ་ཐག་གསབ་པ། ལས་རྣམ་དར་རྒྱས། སྤུས་རྟགས་གཏོད་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཉེ་བའི་ལོ་ཤས་རིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་ཀྱི་ནུས་པ་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་གྲོང་གསེབ་ཀྱི་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་འཕེལ་བར་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོན་པ་མ་ཟད། གྲོང་གསེབ་ཀྱི་ཐོན་ལས་སྔར་བས་གནད་སྨིན་དངོས་སྒྲུབ་ངང་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔར། རང་རྒྱལ་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་300དང་། ལེགས་ཆའི་ཁྱད་ལྡན་ཐོན་ལས་མཉམ་འདུས་ཚོམ་བུ་180 ཞིང་ལས་ཐོན་ལས་སྟོབས་ཆེན་གྲོང་རྡལ་1509བཅས་འཛུགས་གཏོད་བྱས་ནས་ཞིང་ཞོར་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད་72%ཟིན་ཡོད།

    གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་གཙོ་གནད་ནི་གཞི་ཁྱོན་འཚམ་ཞིང་རྩེ་གྲ་དང་སྤུས་ལེགས་གཏོད་རྒྱུ་དེ་རེད།

    “ཡུལ་ཟོག་ཐོན་རྫས”རེ་རེ་བཞིན་སྐྱེད་སྲིང་བྱས་ནས་ཐོན་ལས་ཆེ་མོར་འགྱུར་བར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཝུའུ་ཞའོ་ལིང་གིས་ངོ་སྤྲོད་བྱས་དོན། ཕྱོགས་གཅིག་ནས་ཐོན་སྐྱེད་ཐད་གཞི་ཁྱོན་འོས་འཚམ་དགོས་ཤིང་། ཐོན་ལས་འཕེལ་རྒྱས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་སྐྱོང་བྱེད་པོས་ཐོན་སྐྱེད་ཀྱི་གཞི་ཁྱོན་ལུགས་མཐུན་གཏན་འཁེལ་བྱེད་པར་ཁྲིད་སྟོན་དང་། ཁྲོམ་ར་དང་བསྟུན་གང་ཐུབ་དང་དགོས་མཁོ་གཞིར་བཟུང་ཐོན་སྐྱེད་བྱེད་དགོས། ཕྱོགས་གཞན་ཞིག་ནས་རྩ་འཛུགས་ཐད་འགྲན་རྩོད་འོས་འཚམ་བྱེད་དགོས་ཤིང་། ལས་རིགས་མཐུན་ཚོགས་སོགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། གཉེར་སྐྱོང་བྱེད་པོས་ཆེད་ལས་ཀྱི་ཁྲོམ་ར་ཞིབ་ཚགས་བགོ་བ་དང་འཕེལ་རྒྱས་ཚད་ལྡན་གཏོང་བར་ཁྲིད་སྟོན་བྱེད་དགོས།

    དབུལ་སྒྲོལ་ས་ཁུལ་གྱིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

    ཞིང་ལས་གྲོང་གསེབ་པུའུ་རོགས་སྐྱོར་སིའི་གྲོང་གསེབ་དར་རྒྱས་ཀྱི་ལྟ་སྐུལ་ཞིབ་བཤེར་ཀྲོན་ཡོན་དབྱང་ལེན་གྱིས“དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་གཙོ་གནད་ནི་གྲུབ་འབྲས་སྲ་བརྟན་དང་རིགས་དབྱེ་རིམ་སྤོར་བྱེད་དགོས་པ་དེ་རེད” འདི་ལོ་མུ་མཐུད་དབུལ་སྒྲོལ་ས་ཁུལ་དུ་ཁྲོམ་རའི་མདུན་ལམ་ཡག་པ་དང་མང་ཚོགས་ཀྱི་འདོད་འདུན་ཆེ་བའི་ཐོན་ལས་གསར་པ་འཆར་འགོད་འཕེལ་རྒྱས་གཏོང་བ་དང་། དབུལ་སྒྲོལ་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་རིམ་སྤོར་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་དང་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་ཐོན་ལས་འཕེལ་རྒྱས་གཏོང་བར་སྤྱོད་པའི་བསྡུར་གྲངས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱེད་པ། དབུལ་སྒྲོལ་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ལེགས་ཆའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱེད་དགོས། དེ་དང་དུས་མཚུངས་རོགས་སྐྱོར་ཐོན་ལས་ལ་རིགས་དབྱེ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁག་གཅིག་སྲ་བརྟན་དང་། ཁག་གཅིག་རིམ་སྤོར། ཁག་གཅིག་ཕན་སྒྱུར། ཁག་གཅིག་ལེགས་སྒྲིག་བཅས་བྱས་ཏེ་རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།