དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བར་ཐོན་ལས་སྔར་བས་སྟོབས་ཆེར་དང་འཚོ་བ་སྔར་བས་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅཱ་ཧྥུང་ཧྥུང་།   |     སྤེལ་དུས།  2024-01-20

    ཞོགས་པའི་ཆུ་ཚོད་དགུ་པ་མ་ཟིན་གོང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་ཤིན་ཡོན་གྲོང་རྡལ་ཐེམ་འཕོང་གྲོང་ཚོའི་ཏེ་དབྱང་མ་རྐང་ལམ་ལུགས་མཉམ་ལས་ཁང་གི་རྩྭ་རར། རྒྱ་མ་འགྱོག་པ་དང་། དུག་སེལ། རིམས་བཤེར་སོགས་ལས་རིམ་མང་པོ་བརྒྱུད་ཤ་ཤེད་རྒྱས་པའི་བོད་ལུག་མང་དག་ཅིག་ཟོག་འཁོར་ནང་བླུགས་ཏེ་གཏེར་ལེན་ཁ་དང་། ཟི་ལིང་། ཀྲེ་ཅང་། ཧྲང་ཧའེ་སོགས་སུ་དབོར་གྱི་ཡོད་པ་རེད། “སྒོར་ཆིག་ཁྲི་ཉིས་སྟོང་འབྱོར་སོང”ཞེས་སྐད་འཕྲིན་ཐོག་གི་རྩིས་སྒྱུར་དངུལ་ལེན་གྱི་འབྱོར་བརྡ་གྲགས་པ་དང་བསྟུན་ནས། ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ཁོའི་གདོང་ལ་འཛུམ་གྱིས་ཁེངས་བཞིན“ད་ཆ་ཕྱུགས་རིགས་དང་རྩྭ་ར་སོགས་ཚང་མ་མ་རྐང་དུ་གྱུར་ཡོད། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་གཅིག་བསྡུས་དོ་དམ་སོགས་བྱས་པ་ལས་ཚང་མར་སེམས་ཁྲལ་ཆུང་བ་མ་ཟད་ཡོང་འབབ་ཀྱང་ཡག་པོ་འདུག”ཅེས་བཤད།

    ཡིན་ན་ཡང་ལོ་10ལྷག་གི་གོང་དུ། ཐེམ་འཕོང་གྲོང་ཚོའི་རྣམ་པ་ད་ཆ་དང་རྩ་བ་ནས་མི་འདྲ་སྟེ“སྐབས་དེར། ཁྱིམ་ཚང་རེ་རེ་བྱས་ནས་ཕྱུགས་འཚོ་སྐྱོང་བྱེད་ཀྱི་ཡོད། ཁྱིམ་ཚང་ཚང་མར་ནོར་ལུག་ཡོད་པས་ཚང་མ་ལོ་འཁོར་མོ་ཡུག་ཏུ་དལ་བ་ཉིན་གཅིག་ཀྱང་མེད། དཀའ་ལས་དེ་ལྟ་བུ་བརྒྱབ་ཀྱང་ད་དུང་འཚོ་བ་ཡག་པོ་མེད། དེ་ཕྱིར་འབྲོག་པ་ཚོས་ནོར་ལུག་གསོ་ཚགས་མགོ་གྲངས་མང་དུ་བཏང་ནས་ཡོང་འབབ་འཕར་ཐབས་བྱེད་ཀྱི་ཡོད། འོན་ཀྱང་རྩྭ་ར་སྔོན་ཆད་ཀྱི་དེ་ཙམ་ལས་མེད་པས་ནོར་ལུག་མང་དུ་ཕྱིན་པ་དང་བསྟུན་ནས་རྩྭ་ཐང་ཞན་དུ་ཕྱིན་ཏེ་ཡོང་འབབ་ཀྱང་མི་ཆག་རང་ཆག་རེད”“དེ་དུས་གྲོང་ཚོ་ཧྲིལ་པོར་ཨར་འདམ་ལམ་མེད། ཐག་ཅུང་རིང་བའི་དབྱར་སར་སྤོས་ཚེ་གློག་མེད་ལ་ཐོན་ལས་དེ་བས་ཀྱང་མེད། གྲོང་མི་ཚོར་ནོར་ལུག་འཚོ་བ་ལས་གཞན་ཡོང་འབབ་གསོག་པའི་ཐབས་ལམ་གཅིག་ཀྱང་མེད”སྐབས་དེ་དུས་ཐེམ་འཕོང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6000ཡང་མ་ཟིན་པར་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་གྲོང་ཚོ་དབུལ་པོའི་གྲས་ཡིན་ཞེས་བསོད་ཁོས་བཤད།

    2014ལོའི་ཟླ་དྲུག་པར། ཐེམ་འཕོང་གྲོང་ཚོས་ཏེ་དབྱང་མ་རྐང་ལམ་ལུགས་མཉམ་ལས་ཁང་བདེ་བླག་ངང་བཙུགས་ཏེ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་ཆེད་མངགས་གསོ་ཚགས་བྱེད་པ་དང་། རྩྭ་ར་ཡུག་ཁུལ་ཁ་ཤས་ལ་དབྱེ་ནས་ནོར་ལུག་རེས་མོས་འཚོ་བ། ངལ་རྩོལ་པ་སོ་སོའི་འཇོན་ཐང་ལྟར་གསར་དུ་ལས་བགོས་རྒྱག་པ། ཁེ་སྤོགས་མ་རྐང་ལྟར་བགོ་བཤའ་ལུགས་མཐུན་རྒྱག་པ་སོགས་བྱེད་ཐབས་སྣ་མང་སྤྱད་པས། 2018ལོར་གྲོང་ཚོ་ཧྲིལ་པོ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད། 2019ལོར་ཐེམ་འཕོང་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་10ཟིན་པ་དང་། 2023ལོར་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་52ཟིན་ནས། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6000ཡང་མ་ཟིན་པ་ནས་སྒོར་28000བར་འཕར་བ་འདིའི་ཐོག་ནས་ཐེམ་ཆེན་རྫོང་གི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་པོ་ཡོད་པ་མཚོན།

    ཉེ་བའི་ལོ་ཤས་རིང་། ཐེམ་ཆེན་རྫོང་གིས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་འབྲོང་ཚ་གསོ་ཚགས་དང་། བོད་ལུག་རྒྱུད་སྤེལ། སེར་ཤ་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས་སྐྱེད་སྲིང་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“རང་བརྟེན”ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཆབས་ཅིག འོད་ཤུགས་ཐོན་ལས་དང་། སྐྱེ་ལྡན་ལུད་ཐོན་སྐྱེད། འབྲོག་དུད་སྤྲོ་སྐྱིད་ཁང་། མི་རིགས་ལག་ཤེས་བཟོ་རྩལ་སོགས་ཐོན་ལས་ལ་མ་དངུལ་བཏང་ནས་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད། རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་2019ལོའི་སྒོར་ཁྲི་725.72ནས་རྒྱུན་མཐུད་འཕར་ཏེ། 2022ལོར་རྫོང་ཡོངས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1189.15ཟིན་ཡོད་པ་རེད།

    “‘ས་གཙང་ཐེམ་ཆེན’གྱི་སྤུས་རྟགས་བཏོད་དེ་ཁྱབ་གདལ་བཏང་བ་བརྒྱུད། ཉིང་པོ་གྲོང་ཁྱེར་དུ་སྤུས་རྟགས་མུ་འབྲེལ་ཚོང་ཁང་10བཙུགས་པ་དང་། ཐེམ་ཆེན་རྫོང་གི་ལུག་ཤ་དང་ཚགས་ཤ་གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་བཙུགས་པས། ཆུ་ཚོད་24ནང་རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་དྲ་ཐོག་ཕྱིར་ཚོང་ཐུབ་ནས་འབྲོག་ལས་ཀྱི་ཕྱི་ཕྱོགས་ཚོང་ལམ་ཤར་གཏོང་ཐུབ་ཡོད། དེ་དང་ཆབས་ཅིག ཐད་གཏོང་ཁང་ནས་ལུག་ཤ་དང་ཚགས་ཤ་ཧུར་ཐག་བཙོངས་ཏེ་གཞོན་ནུའི་དྲ་ཐོག་ཚོང་དོན་ཁེ་ལས་ཅན་དང་། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཞིང་། མིག་སྔར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཞུང་ཕྱོགས་གློག་རྡུལ་ཚོང་དོན་ལས་སྟེགས་དང་། ཐའོ་པའོ། ཕན་ཏོག་ཏོག་སོགས་ལས་སྟེགས་ཐོག་ཁྱད་ལྡན་འབྲོག་ལས་ཐོན་རྫས་སྤུས་ལེགས་སྣ་ཁ་117བཙོངས་ཏེ་འབྲོག་ལས་ཐོན་ལས་ཀྱི་ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་བཅས་ཀྱི་འཁོར་འབྲེལ་སྔར་བས་ཤར་གཏོང་ཐུབ་པར་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་དང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པས། 2023ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1013ཟིན་ཡོད”ཅེས་ཐེམ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་ལི་ཧན་མིང་གིས་ངོ་སྤྲོད་བྱས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།