དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཚོང་ཁང་ཐོག་མའི་དཔལ་འབྱོར་ལས་གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ།

    “ལྷ་སའི་ཚོང་ལས་དེ་བས་དར་བཟོ་ཆེ་བར་གྱུར་པ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་ཞུའེ་ཧྥང་དང་ཀྲང་དིང་དིང་།   |     སྤེལ་དུས།  2024-01-20

    ཚོང་ཁང་ཐོག་མ་ཞེས་པ་ནི་ས་ཁོངས་ག་གེ་མོར་བཙུགས་པའི་ཚབ་མཚོན་རང་བཞིན་གྱི་སྤུས་རྟགས་སམ་ཡང་ན་དར་བཟོ་ཆེ་བའི་སྤུས་རྟགས་འཚོང་སའི་ཚོང་ཁང་ཐོག་མ་དེར་ཟེར་བའམ་ཡང་ན་སྲོལ་རྒྱུན་གྱི་ཚོང་ཁང་རྙིང་པས་གཉེར་སྐྱོང་ལས་རྣམ་དང་བྱེད་སྟངས་གསར་གཏོད་བྱས་རྗེས་ཀྱི་ཚོང་ཁང་གསར་པར་ཟེར། 2023ལོ་ནས་བཟུང་སྲིད་གཞུང་དང་། ལས་རིགས། ཁེ་ལས་བཅས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་སླར་གསོ་བྱུང་ནས་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། འཛད་སྤྱོད་གསར་པའི་འཕེལ་ཕྱོགས་ཀྱིས་ཁྲིད་སྟོན་བྱས་པའི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།

    ཡུང་ཧུའེ་སྒོ་རྩིས་ཚོང་ཁང་དང་། དབན་ཏཱ་གློག་བརྙན་གྲོང་། མའེ་ཏང་ལའོ། ཤིར་ཏུན་སོགས་ཉེ་བའི་ལོ་ཤས་རིང་། སྤུས་ཚད་མཐོ་བའི་ཚོང་ཁང་ཐོག་མ་གང་མང་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་ཚོང་ལས་ཕྱོགས་བསྡུས་དངོས་ཚན་ཁག་ཏུ་བཅའ་སྡོད་བྱས་ཤིང་། ཚོང་ཁང་ཐོག་མ་གཙོ་བོར་བྱས་པའི་དཔལ་འབྱོར་ཁག་དང་པོ་ལྷ་སའི་འཛད་སྤྱོད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ནུས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།

    འཛད་སྤྱོད་པས་ཚོང་ཁང་ཐོག་མར་དགའ་པོ་བྱེད་དོན་གང་ཡིན་ནམ།

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་དུ་ཚོང་ལས་གསར་པའི་ཕྱོགས་བསྡུས་དངོས་ཚན་དང་ཚོང་ལས་ཁྲོམ་གཞུང་ཁུལ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཚོང་ཁང་ཐོག་མའི་དཔལ་འབྱོར་གྱི་ནུས་པ་རིམ་བཞིན་ཐོན་ཏེ་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་གསོན་ཤུགས་འཕེལ་བ་དང་འཛད་སྤྱོད་པའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱ་ཆེད་སྒུལ་ནུས་གསར་པ་མཁོ་འདོན་བྱས་ཡོད། རྡོ་ཐལ་རྡོའི་བྱ་ཤ་བསྲེགས་མ་དང་། མའེ་ཏང་ལའོ། PACIFIC COFFEEསོགས་སྐད་གྲགས་ཆེ་བའི་བཟའ་བཏུང་གི་སྤུས་རྟགས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    གལ་ཏེ“ཟས་ནི་དམངས་ཀྱི་འཚོ་རྟེན་ཡིན”པས“བཟའ་བཏུང་གསར་པར”ལྷན་སྐྱེས་ཀྱི་འཛད་སྤྱོད་ཀྱི་ཁྲིད་སྟོན་ནུས་པ་ལྡན་ཡོད་ཅེས་ཟེར་ན། ཁྱད་ཆོས་ལྡན་ལ་དར་བཟོ་ཆེ་བའི་སྤུས་རྟགས་དང་གློག་གི་རྩེད་ཆས་ཀྱི་སྤུས་རྟགས་སོགས་ལས་རྣམ་གསར་པ་མགྱོགས་མྱུར་ཐོན་པ་དེ་ཐོག་ནས་དུས་རབས་གསར་པའི་འཛད་སྤྱོད་ཁྲོམ་རའི་གདམ་ག་ཅུང་ལེགས་པོ་བྱུང་བ་མངོན་གྱི་ཡོད། 2023ལོའི་ཟླ་7པར་TOP TOYདར་བཟོའི་རྩེད་ཆས་འདུས་གྲུབ་ཚོང་ཁང་ཐོག་མ་ལྷ་སའི་དབན་ཏཱ་ཐང་ཆེན་དུ་བཙུགས་ཤིང་། མུན་སྒམ་དང་། ཤིང་དུམ་རྩེད་ཆས། ཨ་ལས་པད་གོག་གི་བཟོ་དབྱིབས། དར་བཟོ་ཆེ་བའི་རྩེད་ཆས་སོགས་དར་བཟོའི་རྩེད་ཆས་སྣ་ཚོགས་ཀྱིས་གཞོན་ནུ་ལོ་ཆུང་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད།

    “ཚོང་ཁང་དེ་དག་ཏུ་སླེབས་རིམ་བཞིན་འཛད་སྤྱོད་ཀྱི་འདུ་ཤེས་གསར་པ་དང་། ལྟ་བ་གསར་པ། མཛེས་དཔྱོད་ཀྱི་ལྟ་བ་གསར་པ་བཅས་དངོས་སུ་ཚོར་གྱི་འདུག་ལ། འཛད་སྤྱོད་ཀྱི་ཉམས་ལེན་བྱེད་སྣང་ཡང་ཇེ་ཟབ་ཏུ་འགྲོ་གི་འདུག ལྷ་སའི་ཁྲོམ་ར་དེ་བས་དར་བཟོ་ཆེན་པོར་གྱུར་འདུག”ཅེས་གྲོང་མི་ཀུའུ་ལགས་ཀྱིས་བཤད་པ་དང་། ཁོང་གིས་འཛད་སྤྱོད་པ་དཀྱུས་མ་ཞིག་གི་ངོས་ནས་ཚོང་ཁང་ཐོག་མའི་དཔལ་འབྱོར་ཐད་ཀྱི་རེ་འདུན་མང་པོ་བཏོན་ཞིང་། ཟས་མཆོག་ལ་རོལ་རྒྱུ་ཡོད་པ་དང་། ཅ་ལག་ཡག་པོ་ཉོ་རྒྱུ་ཡོད་པ། གྲོང་ཁྱེར་ཆེན་པོར་སླེབས་པའི་སྣང་བ་སྟེར་བ་བཅས་ཀྱིས་འཛད་སྤྱོད་པའི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་འགྲོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ང་ཚོའི་དགོས་མཁོ་སྐོང་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    ཚོང་ཁང་ཐོག་མ་ལྷ་སར་འཛུགས་པར་ཡིད་དབང་འཕྲོག་ས་གང་དུ་ཡོད་དམ།

    འཛད་སྤྱོད་ཁྱབ་ཁོངས་ཀྱི་མིང་ཚིག་གསར་པ་སྟེ་ཚོང་ཁང་ཐོག་མ་ནི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པའི་གསར་གཏོད་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཅང་ཤིས་ཀྱིས། ཚོང་ཁང་ཐོག་མའི་དཔལ་འབྱོར་ཞེས་པ་ནི་ས་ཁོངས་ཤིག་གིས་དམིགས་སུ་ཡོད་པའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་ནས་ས་ཁོངས་དེ་རང་དུ་རྒྱལ་ཕྱི་རྒྱལ་ནང་གི་སྤུས་རྟགས་ཚོང་ཁང་བཙུགས་ཏེ། སྤུས་རྟགས་ཀྱི་རིན་གོང་དང་ས་ཁོངས་ཀྱི་ཐོན་ཁུངས་འཚམ་མཐུན་ཡག་ཤོས་ཡོང་བར་བྱེད་པ་དང་། དེ་བཞིན་ཚོང་ཁང་བཙུགས་པ་བརྒྱུད་ས་ཁོངས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་བཟང་པོ་ཐེབས་པར་བྱེད་པའི་དཔལ་འབྱོར་གྱི་རྣམ་པ་ཞིག་ལ་ཟེར་གྱི་ཡོད་ཅེས་བཤད།

    2023ལོར་ལྷ་སས་རེ་ཞུ་བྱེད་མཁན་ཁེ་ལས་102ཀྱི་ཁྲོད་ནས་ཚོང་ཁང་ཐོག་མའི་དཔལ་འབྱོར་གཉེར་སྐྱོང་བྱེད་པོ་19བདམས་པ་མ་ཟད། དེ་དང་འཚམ་པའི་དཔལ་འབྱོར་རོགས་སྐྱོར་གྱི་མ་དངུལ་དང་བྱ་དགའི་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་1350སྤྲད་པ་རེད། དེའི་ནང་ལྷ་སའི་དབན་ཏཱ་ཐང་ཆེན་ཚོང་ལས་དོ་དམ་ཚད་ཡོད་ཀུང་སི་དང་ཧྲང་ཧའེ་ཧུང་ཤིང་མེ་ཁའེ་ལུང་སྤུས་རྟགས་དོ་དམ་ཚད་ཡོད་ཀུང་སི་ལྷ་ས་ཡན་ལག་ཀུང་སི་ནི་ཚོང་ཁང་ཐོག་མ་40ཡན་ནང་འདྲེན་བྱེད་མཁན་གྱི་ཚོང་ལས་གཉེར་སྐྱོང་བྱེད་པོ་ཡིན་པའི་ངོས་ནས། སོ་སོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་200རག་པ་དང་། བོད་ལྗོངས་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་ཚད་ཡོད་ཀུང་སི་རྔ་ཆེན་ཤར་ལམ་ཡན་ལག་ཀུང་སི་ནི་ཕྱོགས་བསྡུས་རང་བཞིན(ས་ཁོངས་རང་བཞིན)གྱི་སྤྱི་ཁྱབ་པུའུ་ཡིན་པའི་ངོས་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་150རག་པ་རེད།

    མིག་སྔར། ལྷ་སའི་དབན་ཏཱ་ཐང་ཆེན་ཚོང་ལས་དོ་དམ་ཚད་ཡོད་ཀུང་སིའི་ཁྲལ་འབབ་ལོ་ལྟར་འཕར་གྱི་ཡོད་པ་དང་། ལྷ་སའི་གྲོང་ཤར་དུ་ཡོད་པའི་དབན་ཏཱ་ཐང་ཆེན་གྱིས་ལོ་ལྟར་དཔྱ་ཁྲལ་འཇལ་ཚད་བསྡོམས་འབོར་སྒོར་ཁྲི་1000ཟིན་གྱི་ཡོད། གཞན་ཡང་། ཚོང་ལས་འཕེལ་རྒྱས་ཕྱིན་པ་དེས་རང་ལྗོངས་ཀྱི་ཚོགས་སྤྱི་ཁག་གཅིག་གི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དཔེར་ན། ལྷ་སའི་དབན་ཏཱ་ཐང་ཆེན་ཚོང་ལས་དོ་དམ་ཚད་ཡོད་ཀུང་སིས་ལྗོངས་ཡོངས་ཀྱི་མི་6400ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པའི་ནང་ནས་78.4%ཚང་མ་སློབ་གྲྭ་ཆེ་མོ་བ་རེད།

    ཇི་ལྟར་བྱས་ནས་ཚོང་ཁང་ཐོག་མའི་ཚོང་རྒྱུན་མཐུད་ཡག་པོ་ཡོང་བར་བྱེད་དགོས་སམ།

    མིག་སྔའི་གནས་ཚུལ་ནས་ལྟ་སྐབས། རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་ཚོང་ཁང་ཐོག་མ་ནང་འདྲེན་བྱེད་པ་ནི་ཚོང་ཁང་དང་པོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོམ་སྟབས་དང་པོ་དེ་ཡིན། གལ་ཏེ“གྲངས་འབོར”ནས“སྤུས་དག”ཕྱོཌ་སུ་མཆོང་སྐྱོད་བྱེད་འདོད་ན། གཙོ་བོ་ལས་རིགས་འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེ་ཆུང་དང་སྤུས་ཀ་ལེགས་ཉེས་ལ་བལྟས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྐོང་ཐུབ་མིན་དང་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་གྲུབ་ཐུབ་མིན་ལ་དོ་སྣང་བྱས་ཚེ། ད་གཟོད་ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར་དང་གྲོང་ཁྱེར་གྱི་བྱེད་ནུས་ཕྱོགས་སྒྱུར་ལ་སྐུལ་ཁྲིད་བྱེད་ཐུབ།

    རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་སྤུས་རྟགས་ཀྱི་ཚོང་ཁང་ཆེ་གྲས་ཁག་སྔ་རྗེས་སུ་བཙུགས་པ་དེས་ཀྱང་ལྷ་སའི་འཛད་སྤྱོད་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2023ལོའི་ཟླ་1ནས་ཟླ་11པའི་བར། ལྷ་ས་གྲོང་ཁྱེར་དུ་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་389.54ཟིན་པ་དེ་དུས་མཚུངས་ལས་23.9%འཕར་ནས་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་འཕར་ཚད་སོ་སོར་ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་0.7དང་16.7ལས་མཐོ་བ་བྱུང་སྟེ། ལོ་འཁོར་མོའི་དམིགས་ཚད་དང་ལས་འགན་གྱི་100.26%ལེགས་གྲུབ་བྱུང་བ་དང་འཕར་ཚད་ཀྱི་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་དང་པོར་བརྟན་པོའི་ངང་གནས་ཡོད།

    ཅང་ཤིས་ཀྱིས“རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་སྤུས་རྟགས་དེ་དག་གིས་ལྷ་སར་ཚོང་ཁང་ཐོག་མ་བཙུགས་པ་དེས་ལྷ་སའི་ཚོང་གཉེར་ཁོར་ཡུག་ལ‘ཡིད་རྟོན་གྱི་འདེམས་ཤོག’འཕངས་ཡོད་ཅེས་བརྗོད་ཆོག དེས་ན་ང་ཚོས་སྔར་བས་ཧུར་ཐག་འབད་ཐག་ངང་ཞབས་ཞུ་ཡག་པོ་བསྒྲུབས་ཏེ་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ནས་སྤུས་རྟགས་སྔར་བས་མང་པོ་ལྷ་སར་བཅའ་སྡོད་བྱེད་རྒྱུའི་ཡིད་དབང་འགུག་པ་དང་ཆབས་ཅིག ཉིན་རེ་བཞིན་དར་རྒྱས་འགྲོ་བའི་ཚོང་ཁང་ཐོག་མའི་དཔལ་འབྱོར་གྱིས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།