2023ལོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.2%འཕར་བ།
ཚེས་17ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། ཞིབ་རྩིས་རགས་ཙམ་བརྒྱབ་པར། 2023ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་1260582ཟིན་པ་དེ་འགྱུར་མེད་རིན་གོང་བཞིན་རྩིས་ན་ལོ་གོང་མ་ལས་5.2%འཕར་ཡོད། དུས་ཚིགས་དབྱེ་ནས་བལྟས་ཚེ། དུས་ཚིགས་དང་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་4.5%འཕར་བ་དང་། དུས་ཚིགས་གཉིས་པར་6.3%འཕར་བ། དུས་ཚིགས་གསུམ་པར་4.9%འཕར་བ། དུས་ཚིགས་བཞི་པར་5.2%འཕར་ཏེ་དུས་གོང་དམའ་བ་དང་། དུས་དཀྱིལ་མཐོ་བ། དུས་མཇུག་བརྟན་པ་བཅས་ཀྱི་རྣམ་པ་མངོན་པ་མ་ཟད། ལེགས་པའི་ཕྱོགས་སུ་སྔར་བས་བརྟན་དུ་ཕྱིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། 2023ལོར་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་སྒོར་དུང་ཕྱུར་ཁྲི་6ལས་བརྒལ་བ་དེ་རྒྱལ་ཁབ་འབྲིང་གྲས་ཤིག་གི་ལོ་གཅིག་གི་དཔལ་འབྱོར་བསྡོམས་འབོར་དང་གཅིག་མཚུངས་རེད།
2023ལོར་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། སྔོན་དཔག་གི་དམིགས་ཚད་གཙོ་བོ་ཁག་བདེ་བླག་ངང་མངོན་འགྱུར་བྱུང་ཡོད།
2023ལོའི་ཀྲུང་གོའི་དཔལ་འབྱོར་མཚོན་ཚུལ་ཐད་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཁེང་དབྱིས་ཕྱོགས་བཞི་ནས་རགས་བསྡུས་བྱས་པ་སྟེ།
བསྐྱར་འཕར་ལེགས་འཕེལ་བྱུང་བ། དཔལ་འབྱོར་འཕར་བའི་ཕྱོགས་ནས་བལྟས་ན། 2023ལོར་རང་རྒྱལ་གྱི་GDPསྒོར་དུང་ཕྱུར་ཁྲི་126ལས་བརྒལ་བ་དང་འཕར་ཚད་2022ལོ་ལས་བརྒྱ་ཆའི་གྲངས་2.2མགྱོགས་སུ་ཕྱིན་ཡོད། ལས་ཞུགས་ཕྱོགས་ནས་བལྟས་ན། ལས་ཞུགས་དུས་བབ་སྤྱིའི་ཆ་ནས་ལེགས་སུ་ཕྱིན་ཞིང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.4ཆག་པ་དང་ལྷག་པར་དུ་ཞིང་པ་ལས་མིའི་ལས་ཞུགས་ཀྱི་དུས་བབ་ལེགས་སུ་འགྲོ་ཚུལ་མངོན་གསལ་དོད་ཙམ་ཡོད། ཟོག་གོང་ཕྱོགས་ནས་བལྟས་ན། ཟོག་གོང་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ལོ་ཧྲིལ་པོར་གྲོང་མིའི་འཛད་སྤྱོད་རིན་གོང་བསྡུར་གྲངས(CPI)0.2%འཕར་བ་དང་ལྟེ་བའི(CPI)0.7%འཕར་ཡོད། རྒྱལ་སྤྱིའི་གཏོང་ཡོང་ཕྱོགས་ནས་བལྟས་ན། ལོ་ཧྲིལ་པོར་དངོས་ཟོག་ཕྱིར་གཏོང་བྱེད་ཚད་0.6%འཕར་བ་དང་ལོ་མཇུག་ཏུ་ཕྱི་དངུལ་གསོག་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་3.2ལས་བརྒལ་ཡོད།
སྤུས་ཀ་ཧ་ཅང་དག་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་གསར་གཏོད་ལ་མ་དངུལ་འཇོག་གྲངས་བརྟན་པོའི་ངང་མང་དུ་བཏང་ཡོད། ཚོད་རྩིས་རགས་ཙམ་བརྒྱབ་པར། 2023ལོར་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས(R&D)ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་33278.2ཟིན་པ་དང་R&Dགྲོན་དངུལ་གཏོང་ཤུགས་2.64%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.08འཕར་ཡོད། དཔལ་འབྱོར་གྲུབ་ཆ་ལེགས་འགྱུར་རིམ་འཕར་བྱུང་ཞིང་། ཞབས་ཞུའི་ལས་རིགས་དང་འཛད་སྤྱོད་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ནུས་གཙོ་བོ་སྔར་བས་འབུར་དུ་ཐོན་ཡོད། 2023ལོར་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་གིས་GDPནང་བཟུང་བའི་བསྡུར་གྲངས་54.6%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.2འཕར་བ་དང་། མཇུག་མཐའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་82.5%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་43.1མཐོ་རུ་ཕྱིན་ཡོད། བདེ་འཇགས་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་ཞིང་། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ལོ་གོང་མ་ལས་1.3%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་2.9%འཕར་བ། མ་བཅོས་རྡོ་སྣུམ་ཐོན་ཚད་2%འཕར་བ། རང་བྱུང་སོལ་རླངས་ཐོན་ཚད་5.8%འཕར་ཡོད། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བསྲུངས་པ་དང་། དངུལ་རྩའི་དཔལ་འབྱོར་བདེ་འཇགས་འགན་ལེན་བྱས་པ། དམངས་འཚོ་འགན་ལེན་དེ་བས་ནུས་ལྡན་བྱས་པ། རྒྱལ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་གོང་མ་ལས་6.1%འཕར་ཡོད།
མཚོན་ཚུལ་བཀྲག་མདངས་ཆེ་བ། 2023ལོར་རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་5.2%ཟིན་པ་དེ་གོ་ལ་ཧྲིལ་པོའི་སྔོན་དཔག་འཕར་ཚད་3%ཡས་མས་ལས་མཐོ་བ་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོའི་དཔལ་འབྱོར་2023ལོར་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་རེ་ཡོད་པས་མུ་མཐུད་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེ་ཤོས་སུ་འགྱུར་ཡོད། སྔོན་དཔག་བྱས་ན་གོ་ལ་ཧྲིལ་པོའི་ཚོང་དོན་ཅུང་ཆག་པའི་གནས་ཚུལ་འོག རང་རྒྱལ་གྱི་ཕྱིར་གཏོང་བྱེད་ཚད་ཅུང་འཕར་ནས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ནང་ཐོབ་སྐལ་བཟུང་ཚད་མུ་མཐུད་བརྟན་པོ་བྱུང་ཡོད།
ལས་སླ་པོ་གཏན་ནས་མིན་པ། 2023ལོར་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་བ་དང་། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་བ་ཆེ་བ། ས་འབྲེལ་ཆབ་སྲིད་ཀྱི་འགལ་ཟླ་ཡང་ཡང་བྱུང་བ། ཕྱིའི་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ངེས་མེད་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད། རྒྱལ་ནང་གི་དུས་འཁོར་རང་བཞིན་དང་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཅུང་མང་བ་དང་རང་བྱུང་གནོད་འཚེ་ཡང་ཡང་ཐོན་ཡོད། “རྙོག་འཛིང་ཆེ་བའི་གནས་ཚུལ་དེ་འདྲའི་འོག འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་དངོས་གནས་ལས་སླ་པོ་ཞིག་གཏན་ནས་མིན”ཞེས་དང་2024ལོར་དཔལ་འབྱོར་སྔར་བས་བསྐྱར་འཕར་དང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་མ་ཟད། ད་དུང་དཀའ་ངལ་དང་འགྲན་སློང་ཁག་ཅིག་ཁྱད་བསད་ཀྱང་བྱེད་དགོས། “ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། དཀའ་ངལ་དེ་དག་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་གནད་དོན་དེ་དག་ཐག་གཅོད་ཡག་པོ་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་བརྟན་ཁྲོད་རྒྱང་འཁྱོལ་ཐུབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས”ཞེས་ཁང་དབྱིས་བཤད་པ་རེད།