དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ལ་ཨོ་ལིམ་ཕིག་གྲོང་སྐྲུན་རོགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡུས་ཡང་། ཡན་ཧོན།   |     སྤེལ་དུས།  2024-01-19

    ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་གྱི་ཆ་ཐེ་ཁར་རི་བོ་ནས་རྒྱང་ལྟ་བྱས་ན། བྲེལ་བརྩོན་ཆེ་བའི་ཨར་སྐྲུན་ལས་ཡུལ་དུ་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་པའི་ངང་ཚུལ་མཐོང་ཐུབ། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཨོ་ལིམ་ཕིག་གྲོང་གི་རྣམ་གྲངས་རེད།

    ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་ཨོ་ལིམ་ཕིག་གྲོང་གི་རྣམ་གྲངས་དེ་ཀྲུང་གོ་བཟོ་ལས་རྒྱལ་སྤྱི་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས་ཇུས་འགོད་བྱས་ནས་སྐྲུན་གྱི་ཡོད་ཅིང་། རྒྱ་ཁྱོན་སྤྱི་ཆིང་100ཙམ་ཟིན་པ་དང་དེའི་ནང་ལུས་རྩལ་ཁང་གཙོ་བོ་5དང་ལུས་རྩལ་ཐང་15ཚུད་ཡོད། ཨར་སྐྲུན་ལས་མཇུག་འགྲིལ་རྗེས་དེ་ནི་ཨེ་ཤེ་ཡ་དབུས་མ་ས་ཁུལ་གྱི་ལུས་རྩལ་ཕྱོགས་བསྡུས་སྒྲིག་གཞི་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་མ་ཟད། དེ་གར་2025ལོར་ཨེ་ཤེ་ཡའི་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པ་དང་ཨེ་ཤེ་ཡའི་ན་གཞོན་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའང་གཉེར་རྒྱུ་རེད། འཆར་འགོད་ལྟར་ན་ཨོ་ལིམ་ཕིག་གྲོང་གི་རྣམ་གྲངས་དེ་སྔོན་དཔག་བྱས་ན་2024ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད། “རྣམ་གྲངས་དེ་ནི་2022ལོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་མར་ཧན་དབུ་ཚོགས་འཚོགས་རྗེས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་དབར་དོན་འཁྱོལ་བྱུང་བའི་མཉམ་ལས་རྣམ་གྲངས་གལ་ཆེན་དང་པོ་དེ་རེད”ཅེས་རྣམ་གྲངས་ཀྱི་ཅིང་ལི་ཀུའོ་ཙི་ཅེ་ཡིས་བཤད།

    “ཐ་ཧྲི་ཀན་གྱི་ད་ཡོད་ཀྱི་ལུས་རྩལ་སྒྲིག་ཆས་བལྟོས་བཅས་ཀྱིས་རྙིང་པ་ཡིན་པ་མ་ཟད་ཁ་ཐོར་ཡིན་པས། ལུས་རྩལ་འགྲན་བསྡུར་ཆེ་གྲས་གཉེར་བའི་དགོས་མཁོ་སྐོང་མི་ཐུབ་ལ། ཉིན་བཞིན་ཆེ་རུ་འགྲོ་བའི་གྲོང་མིའི་ལུས་སྦྱོང་གི་དགོས་མཁོ་ཡང་སྐོང་ཐུབ་ཀྱི་མེད”ཅེས་ཨུ་ཟ་བྷེ་ཁི་སི་ཐན་གྱི་ན་གཞོན་སྲིད་ཇུས་དང་ལུས་རྩལ་པུའི་པུའུ་ཀྲང་ཨ་ཏེ་ཧ་མུའུ·དབྱི་ཁེ་ལ་མོ་ཧྥུའུ་ཡིས་བརྗོད་པ་རེད། 2023ལོར་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཐོག་ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་དངུལ་བུན་གྱི་གྲོས་མཐུན་བཞག་ཅིང་། སྔར་བས་ཕན་པ་ཆེ་བའི་མི་དམངས་ཤོག་སྒོར་གྱི་མ་དངུལ་བསྡུ་སྒྲིལ་བྱས་པ་བརྒྱུད་ཨུ་ཟ་བྷེ་ཁི་སི་ཐན་ལ་ནུས་རྒྱུ་གྲོན་ཆུང་དང་གསར་གཏོད་ཀྱི་ཨོ་ལིམ་ཕིག་གྲོང་ཞིག་གཏོད་པར་རམ་འདེགས་བྱས་པ་རེད།

    ཨོ་ལིམ་ཕིག་གྲོང་ནི་ཐ་ཧྲི་ཀན་གྱི་གྲོང་ཁུལ་རྙིང་པ་དང་ད་ལྟ་སྐྲུན་བཞིན་པའི་གྲོང་གསར་གྱི་དཀྱིལ་དུ་གནས་ཤིང་། ཁ་སྤྲོད་དུ་གསར་དུ་སྐྲུན་བཞིན་པའི་སློབ་ཆེན་གྲོང་དང་ས་ཆ་དེ་གའི་གནས་རྟགས“ཨུ་ཟ་བྷེ་ཁི་སི་ཐན་གསར་པའི”སྤྱི་གླིང་ཡིན་ལ། མ་འོངས་པར་ཐ་ཧྲི་ཀན་གྱི་རིག་གནས་དང་ལུས་རྩལ་གྱི་ལྟེ་གནས་གལ་ཆེན་དུ་འགྱུར་རྒྱུ་ཡིན་པས། ས་གནས་དེ་གའི་གྲོང་མིས་ཨོ་ལིམ་ཕིག་གྲོང་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། “ཐ་ཧྲི་ཀན་ལ་དེང་རབས་ཅན་གྱི་ལུས་རྩལ་ཁང་དེ་འདྲ་གཏན་ནས་མེད། ཨོ་ལིམ་ཕིག་གྲོང་བསྐྲུན་རྗེས་ན་གཞོན་གྱི་ལུས་རྩལ་གྱི་ཆུ་ཚད་མཐོ་རུ་འགྲོ་བར་རམ་འདེགས་ཐུབ་པ་དང་དུས་མཚུངས། ཐ་ཧྲི་ཀན་གྱི་གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་ཐུབ་པའི་ཡིད་ཆེས་ཀྱང་ཡོད། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་ངས་ནང་མི་ཚང་མ་ཁྲིད་ནས་གསར་དུ་བསྐྲུན་པའི་ལུས་རྩལ་ཁང་དུ་འགྲན་བསྡུར་ལ་ལྟ་བར་འགྲོ་གི་ཡིན”ཞེས་ཨོ་ལིམ་ཕིག་གྲོང་གི་ཉེ་འཁོར་དུ་སྡོད་པའི་གྲོང་མི་ལུའུ་སི་ཐན་གྱིས་བཤད།

    ཨུ་ཟ་བྷེ་ཁི་སི་ཐན་གྱི་ཨོ་ལིམ་ཕིག་གྲོང་གི་རྣམ་གྲངས་ནི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བྱས་པའི་མཚོན་ཚུལ་ཞིག་ཡིན། “ང་ཚོས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག‘རྒྱུད་གཅིག་ལམ་གཅིག’གི་སྤུས་རྟགས་རྣམ་གྲངས་སྔར་བས་མང་བ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཀུའོ་ཙི་ཅེ་ཡིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།