དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ལི་ཆང་།   |     སྤེལ་དུས།  2024-01-19

    “ཀྲུང་གོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་10ལྷག་ཙམ་སོང་རིང་། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ་མ་ཟད། དེང་གི་འཛམ་གླིང་ཐོག་ཁྱབ་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་སུ་གྱུར་ཡོད”ཅེས་ཐ་ཇིག་སི་ཐན་རྒྱལ་ཁབ་ཚན་རིག་ཁང་ཡོ་རོབ་དང་ཨེ་ཤེ་ཡའི་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ཞིབ་འཇུག་པ་ཨ་པུའུ་ཏུའུ་ཅཱ་ཉི·མཱ་མཱ་ཏཱ་ཆི་མའོ་ཧྥུའུ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    མཱ་མཱ་ཏཱ་ཆི་མའོ་ཧྥུའུ་ཡིས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོར་བསྟུན་མཁས་རང་བཞིན་ཆེན་པོ་ལྡན་པ་མ་ཟད། རྒྱ་མཚོའི་རྒྱལ་ཁབ་དང་སྐམ་སའི་རྒྱལ་ཁབ་ཚང་མ་ཞུགས་ཆོག་པ་དང་། ད་དུང་སྐམ་སའི་རྒྱལ་ཁབ་ལ་མཚོར་བགྲོད་གྲུ་ཁ་མེད་པའི་ཞན་ཆ་སེལ་རོགས་དང་མཉམ་སྦྲེལ་མཉམ་མཐུད་ལ་བརྟེན་ནས་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་བས་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་བའི་ངོས་འཛིན་བྱས།

    “ན་ནིང་ཟླ་10པར། ‘རྒྱུད་གཅིག་ལམ་གཅིག’རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བདེ་བླག་ངང་གཉེར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་བྱ་སྤྱོད་ཁག་བརྒྱད་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་ནས་སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད”མཱ་མཱ་ཏཱ་ཆི་མའོ་ཧྥུའུ་ཡིས། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཕེལ་རྒྱས་ལམ་བུའི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་ཡིན་པས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་མ་ཐེབས་རྒྱུ་མ་ཟད། མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བར་ཕན་པ་ཐོན་རྒྱུ་དང་འབྲེལ། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་མ་ཐེབས་རྒྱུའང་རེད་ཅེས་བརྗོད།

    “ཀྲུང་གོ་ཕྱོགས་དང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་མཉམ་ལས་ཀྱི་ཡིག་ཆར་མིང་བཏགས་བཀོད་མཁན་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པའི་ཐ་ཇིག་སི་ཐན་ལ་སྒྲོམ་གཞི་དེའི་འོག་ནས་ཕན་འབྲས་བཟང་པོ་ཐོན་ཡོད”མཱ་མཱ་ཏཱ་ཆི་མའོ་ཧྥུའུ་ཡིས། ཐ་ཇིག་སི་ཐན་གྱི“2030ལོའི་གོང་གི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས”དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་འགོ་འབྲེལ་མཐུད་དམ་ཟབ་བྱས་ནས་རང་རྒྱལ་ཁབ་ཀྱི་འཁལ་འཐག་དང་ལྕགས་བཞུ་སོགས་ཀྱི་ཐོན་ལས་མང་པོར་འཕེལ་རྒྱས་ཀྱི་གསོན་ཤུགས་མང་པོ་བསྣན་ཡོད། ཐ་ཇིག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཟབ་པ་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་པ། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། དམངས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་བཅས་ཡོད་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུ་མ་ཟད། ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་ཐུབ་ངེས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།