དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་གྲོ་འཐག་བཟོ་གྲྭ་ལས་ཕྱོགས་མང་པོར་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེན་ཤའོ་ཝེ།   |     སྤེལ་དུས།  2024-01-19

    གྲོ་འཐག་བཟོ་གྲྭ་བསྐྲུན་རྗེས་ཟླ་རེའི་ཐོན་འབོར་ཏུན་ཁྲི་1.35ཟིན་ནས་གྲོ་ཞིབ་ནང་འདྲེན་ལ་བརྟེན་དགོས་པའི་ང་ཚོའི་གནས་བབ་ལ་རིམ་བཞིན་འགྱུར་བ་ཕྱིན་སོང་། ཕ་ཕུ་ཡ་ཀུའི་ནེ་ཡའི་ལའེ་ཁྲེང་གྲོ་འཐག་བཟོ་གྲྭའི་རྣམ་གྲངས་ཀྱི་བཟོ་བཀོད་པ་ཐུའོ་མཱ་སི·ཨའོ་ཅ་ཡིས་སྤོབས་སེམས་ཆེན་པོས་གསར་འགོད་པར“ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་གྲོ་འཐག་བཟོ་གྲྭ་ལས་མི་དེ་བས་མང་བར་ཕན་པ་ཐོབ་ཡོད”ཅེས་བརྗོད།

    ལའེ་ཁྲེང་གྲོ་འཐག་བཟོ་གྲྭའི་རྣམ་གྲངས་ནི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་ཕ་ཕུ་ཡ་ཀུའི་ནེ་ཡའི་ཀུང་སིས་སྐྲུན་འགན་འཁུར་བ་དང་། དེའི་ནང་དུས་ཐེངས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲོང་ཁྱེར་དོ་དམ་དང་དུས་ཐེངས་བཞི་པའི་ལས་གྲྭ་ཚུད་ཅིང་། གྲོ་འཐག་བཟོ་གྲྭའི་དུས་ཐེངས་དང་པོ་དང་གཉིས་པ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། དུས་ཐེངས་གསུམ་པའི་གྲོང་ཁྱེར་དོ་དམ་ལས་གྲྭ་ཡང་ཉེ་ཆར་བདེ་བླག་ངང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་ཡོད།

    ཨའོ་ཅ་ཡིས་ངོ་སྤྲོད་བྱས་དོན། མིག་སྔར་ཕ་ཕུ་ཡ་ཀུའི་ནེ་ཡའི་རྒྱལ་ཡོངས་ཀྱི་ལོའི་གྲོ་ཞིབ་ཟད་གྲོན་ཏུན་ཁྲི་6.4ཟིན་གྱི་ཡོད་པ་དང་། ལའེ་ཁྲེང་གྲོ་འཐག་བཟོ་གྲྭའི་ཐོན་འབོར་གྱིས་རང་རྒྱལ་ཁབ་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ལྷོ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་བྱས་ནས་ཕ་ཕུ་ཡ་ཀུའི་ནེ་ཡར་ཕྱི་དངུལ་ཡོང་འབབ་གསོག་ཐུབ་ཀྱི་ཡོད།

    གྲོ་འཐག་བཟོ་གྲྭས་ད་དུང་ས་གནས་དེ་གར་ལས་ཞུགས་ལས་གནས་མི་ཉུང་བ་ཞིག་མཁོ་འདོན་བྱས་ཡོད། ལའེ་ཁྲེང་གྲོ་འཐག་བཟོ་གྲྭའི་རྣམ་གྲངས་ཀྱི་ཅིང་ལི་ཝང་མིང་ཁྲོན་གྱིས་གསར་འགོད་པར་བརྗོད་དོན། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་རིམ་རྩིས་བྱས་ན་ས་གནས་དེ་གའི་བཟོ་པ་800ལྷག་ཙམ་ལས་མིར་བསྡུས་ཡོད། གྲོ་འཐག་བཟོ་གྲྭས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱེད་ཀྱི་ཡོད་པས་བཟོ་གྲྭ་བསྐྲུན་རྗེས་ཐོན་སྐྱེད་ལ་བྱང་ཆུབ་པའི་བཟོ་པ་200ཙམ་བསྡུ་རྒྱུ་རེད།

    “ངའི་ཡོང་འབབ་ཐོག་མར་ཉིན་གླ་རྒྱུག་སྐབས་ཀྱི་ཟླ་རེར་ཅི་ན་600ནས་ད་ལྟ་ཅི་ན་1100(ཅི་ན་1ལ་ཧ་ལམ་མི་དམངས་ཤོག་སྒོར་2ཟིན་པ)བར་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ཡོང་འབབ་བརྟན་པོ་འདུག”ས་གནས་དེ་གའི་བཟོ་པ་ཅེ་ཤི·སུའོ་ཨེན་གྱིས། ངའི་བཟའ་ཟླ་དེ་སྔོན་ལས་ཀ་ཤོར་ནས་རྦད་དེ་ཁྱིམ་དུ་བསྡད་ཡོད། ཕྱིས་སུ་རྣམ་གྲངས་སྐྲུན་ཡུལ་དུ་མ་བྱན་གྱི་རོགས་པར་ཕྱིན་པར་ཟླ་རེར་ཅི་ན་800ལྷག་ཙམ་རག་པ་མ་ཟད། ད་དུང་ཅའོ་ཙེ་བཟོ་སྟངས་ཀྱང་ཤེས་འདུག་ཅེས་བརྗོད།

    “སྔོན་དཔག་བྱས་ན། འདི་ལོའི་ཟླ་4པར་ད་དུང་གཟན་ཆག་ལས་སྣོན་འཁོར་ཁང་དང་། བཟའ་བྱའི་སྣུམ་གྱི་ཐུམ་སྒྲིལ་འཁོར་ཁང་། སྲན་མའི་མཛོད་ཁང་། ནུས་པ་ཀུན་འདུས་ཀྱི་ཁང་པ་བཅས་འཛུགས་སྐྲུན་བྱེད་རྒྱུ་རེད”ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་ཕ་ཕུ་ཡ་ཀུའི་ནེ་ཡ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲུའུ་ཝེན་ཅང་གིས། དུས་ཐེངས་གསུམ་པའི་རྣམ་གྲངས་མཇུག་འགྲིལ་རྗེས་བཟོ་གྲྭ་ཧྲིལ་པོ་དངོས་སུ་ཐོན་སྐྱེད་གཉེར་སྐྱོང་བྱ་རྒྱུ་ཡིན་པ་དང་འདང་ངེས་ཀྱི་གྲོ་ཞིབ་སོགས་འབྲུ་སྣུམ་མཁོ་སྤྲོད་ཀྱིས་ས་གནས་དེ་གའི་དམངས་ཚོགས་ཀྱི་གཞི་རྩའི་འཚོ་བའི་དངོས་ཟོག་གི་དགོས་མཁོ་སྔར་བས་སྐོང་ཐུབ་པ་དང་དམངས་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་ངེས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།