ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།
དམིགས་ཚད་ལ་དམིགས་ནས“སྤྱོད་ཚུལ་ བཞི”ཡོ་བསྲང་ཤུགས་ཆེན་བྱེད་པ།
“སྔོན་མ་ངས་མི་གཞན་གྱི་གསོལ་སྟོན་ལ་ཕྱིན་ན་གནད་དོན་ཆེན་པོ་དེ་ཙམ་མིན་པས་ཨོ་ཙམ་མི་ཡོང་ངམ་སྙམ་གྱི་ཡོད། ད་རེས་ཞིབ་བཤེར་ཐག་གཅོད་བྱས་རྗེས་རང་ངོས་ཀྱི་གནད་དོན་ལ་ངོས་འཛིན་གཏིང་ཟབ་བྱུང་བས། སླད་ཕྱིན་རང་ལ་བླང་བྱ་ནན་པོ་བཏོན་ཏེ་བྱ་བ་ཆུང་ཙག་ནས་དམ་འཛིན་ནན་ཏན་བྱས་ཏེ་འགྱུར་མེད་ཀྱི་སྒྲིག་ལམ་མཐའ་གཅིག་ཏུ་ནན་པོ་སྲུང་གི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁབ་འབྲུ་རིགས་གྲབས་གསོག་མཛོད་ཀྱི་ཕེ་ཆེ་གེ་མོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་ནས་ཁོ་པར་ཞིབ་བཤེར་ཐག་གཅོད་བྱས་པས་གནོང་འགྱོད་བྱེད་བཞིན་བཤད།
སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ནམ་ཡང་ཚར་དུས་མེད་ལ། “སྤྱོད་ཚུལ་བཞི”ཡོ་བསྲང་གི་ལས་དོན་མདུན་དུ་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་དཀའ་ངལ་ཆེ་ཡང་། མུ་མཐུད་མདུན་སྐྱོད་བྱེད་པར་ངེས་པར་འཐབ་ཇུས་ཀྱི་ངེས་གནས་མཐའ་འཁྱོངས་བྱེད་དགོས། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཡུན་རིང་ཕན་ནུས་ལྡན་པའི་འགྱུར་མེད་སྒྲིག་ལམ་དང་ཚད་ཤིང་ལ་བརྩི་རྒྱུ་མཐའ་འཁྱོངས་ཁར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་བསམ་གཞིག་གནད་འཁེལ་ཡོང་བ་མངོན་གསལ་དོད་སར་བཞག་པ་དང་ལྟ་སྐུལ་གྱི་གཙོ་གནད་ལ་དམིགས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་ཞིང་། 2023ལོ་ནས་བཟུང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་ཁག་53ཞིབ་བཤེར་ཐག་གཅོད་བྱས་ནས་མི་37ལ་ཏང་སྒྲིག་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།
རུལ་སུངས་དང་ངོ་འགྱུར་གྱི་འབྲེལ་ཐག་ཏན་ཏིག་གཅོད་ཆེད། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་བསྡུས་ཇུས་བསྟར་དང་ཡོ་བསྲང་འཛུགས་གཏོད་མཉམ་འཛིན་མཐའ་འཁྱོངས་ཀྱིས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ལ་དམིགས་ཏེ“དུས་ཆེན་གོང་སྒྲིག་ལམ་གསལ་སྟོན་དང་། དུས་ཆེན་རིང་གི་ལྟ་སྐུལ་ལ་ཤུགས་སྣོན། དུས་ཆེན་གྱི་རྗེས་ཀྱི་འགན་འཁྲི་རྩད་གཅོད”བཅས་ཀྱི་འགག་སྒོའི་ལྷུ་ཚིགས་གསུམ་ལ་དམ་འཛིན་ནན་པོ་བྱས་པ་དང་། དུས་ཆེན་རིང་གི་ལྟ་སྐུལ་ཞིབ་བཤེར་དང་། ཆེད་དོན་སྐོར་ཞིབ། མངོན་བཤེར་ལྐོག་ཞིབ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་སྒྲིག་འགལ་ངང་བཟའ་བཏུང་དང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་བམ་ཡང་ན་ཕན་བདེའི་དངུལ་སྤྲོད་པ། སྒྲིག་འགལ་ངང་འབུལ་རྟེན་དང་ལག་རྟགས་ལེན་པ། སྒྲིག་འགལ་ངང་གཞུང་འཁོར་སྒེར་སྤྱོད། གཞུང་ལས་ཁང་ཚད་གཞི་ལས་བརྒལ་བ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཞིབ་བཤེར་གཏིང་ཟབ་དང་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ་སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་ནན་པོ། དམ་འཛིན་མགྱོགས་པོ་བཅས་བྱས་ནས་རུལ་སུངས་མཐའ་གཅིག་ཏུ་བཀག་ཡོད། དེ་དང་ཆབས་ཅིག་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ལྟ་སྐུལ“འཚོལ་ཞིབ”ཀྱི་ནུས་པར་མཐོང་ཆེན་བྱས་ཏེ་དུས་ངེས་མེད་དང་། སྔོན་བརྡ་མི་གཏོང་བ། འཐབ་ས་དང་པོར་སྐྱོད་པ་བཅས་ཀྱི་སྒོ་ནས་བཅའ་སྡོད་བྱ་ཡུལ་སྡེ་ཚན་གྱི་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་། དྲན་སྐུལ། ཡོ་བསྲང་བཅས་བྱས་པ་མ་ཟད། ལྟ་སྐུལ་དང་། ཆད་གཅོད། འགན་འཁྲི་རྩད་གཅོད་བཅས་རྒྱུན་དུ་གནས་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཡོད། 2023ལོར་རིམ་རྩིས་བྱས་ན། ལྟ་སྐུལ་ཞིབ་བཤེར་ཐེངས་465བྱས་ནས་བཅོས་སྒྲིག་བྱེད་དགོས་པའི་གནད་དོན་ཁག་343ཤེས་རྟོགས་དང་། བསམ་འཆར་དང་གྲོས་འགོ་ཁག་26བཏོན་པ། གནད་དོན་གྱི་ཁུངས་སྣེ་ཁག་66རྩིས་སྤྲོད་བཅས་བྱས་ཡོད།
སྤྱོད་ཚུལ་གྱི་འཛིང་རགས་བརྟན་དུ་བཏང་ནས་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་རིང་གི་བསླབ་བྱ་དང་ལེན་གྱིས་གྱོད་གཞི་དྲངས་ནས་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དུས་ཀྱི་མཚམས་ཚིགས་སུ་བརྡ་ཁྱབ་གཏོང་བ་དང་། ཉེན་ཟོན་སློབ་གསོའི་རབ་བཏགས་རི་མོ་བཟོ་བ། སྤྱོད་གཙང་དྲིལ་བསྒྲགས་ཀྱི་བརྙན་ཐུང་སྟོན་པ། ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་འཁྲིད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་ཡོན་ལས་བྱེད་པར་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད། མིག་སྔར། “ཉིང་ཁྲིའི་སྒྲིག་བཤེར་ལྟ་ཞིབ”ཀྱི་སྐད་འཕྲིན་སྤྱི་རྟགས་བརྒྱུད་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བ་སོགས་ཀྱི་དཔེ་མཚོན་གྱོད་གཞི་ཁག་17དང་མི་31བརྡ་ཁྱབ་བཏང་ནས་དམར་རྗེན་དུ་བཏོན་ཡོད།