དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁེར་རྐྱང་འབད་འཐབ་བྱེད་པ་ནས་ལག་གདང་དཔུང་སྦྲེལ་བྱེད་པའི་བར།

    —— ཐན་ཙན་ནི་ཡའི་སང་ཀེ་པར་ས་ཁུལ་གྱི་འཕྲོད་བསྟེན་དཔོན་དང་ཀྲུང་གོའི་རིགས་གཅིག་མཁས་ཅན་མཉམ་དུ“གནོད་འབུ”གསོད་པའི་ལས་ལ་གཞོལ་བའི་གཏམ་རྒྱུད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཡན་རན་དང་། ཧྭ་ཧུང་ལི། ཝང་ཀོན་སེན།   |     སྤེལ་དུས།  2024-01-18

    ཐན་ཙན་ནི་ཡའི་སང་ཀེ་པར་ས་ཁུལ་གྱི་པེན་པ་གླིང་ཕྲན་དུ་ལོ་དྲུག་ཅུ་ཡོལ་བའི་སའེ་ལའེ་·མུའུ་ཧན་མོ་ཏེས་ལག་གཡོན་མར“ཀྲུང་གོའི་རོགས་སྐྱོར”ཞེས་ཡིག་འབྲུ་འཁོད་པའི་དུང་བན་ཞིག་ཁྱེར་བ་དང་། ལག་གཡས་པར་ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་ལག་དེབ་ཅིག་ཁྱེར་ཏེ་ཀྲུང་གོའི“འཐབ་གྲོགས”ཤིག་དང་མཉམ་དུ་རླངས་འཁོར་ནང་དངོས་ཟོག་བླུག་རོགས་བྱས་ཏེ་ཕྱི་དྲོར་ཁྲག་འཇིབ་འབུ་ཕྲའི་ནད་གཙོ་གནད་སྔོན་འགོག་དང་ཚོད་འཛིན་བྱ་ཡུལ་སྡེ་ཁུལ་ལ་དྲིལ་བསྒྲགས་བྱེད་པར་འགྲོ་བའི་གྲ་སྒྲིག་བྱེད་བཞིན་ཡོད།

    མི་དེ་བས་མང་བ་དེའི་ནང་ཞུགས་པའི་བློ་འགུག་ཆེད། སྒྲོག་འགྲེལ་བྱེད་རིམ་བཞིན་འགོག་བཅོས་རུ་ཁག་གི་རུ་མི་ཚང་མས་འགོག་བཅོས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་མཉམ་དུ་དུང་བན་དང་རས་ཁུག་སོགས་ཀྱི་འཚོ་བའི་མཁོ་ཆས་སྤྲོད་ཀྱི་ཡོད། “ཐབས་ཤེས་མི་འདུག རྩ་བ་ཐུག་ས་ནི་ཤིན་ཏུ་དབུལ་བས་ཡིན། ཚང་མས་ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་བྱེད་པ་ལས་ལྟོ་དུས་རྗེས་མར་ཟས་གང་ཞིག་བཟའ་རྒྱུ་ཡོད་མེད་ལ་དོ་ཁུར་དེ་བས་ཆེ་བ་བྱེད་ཀྱི་འདུག”ཅེས་སའེ་ལའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འུ་ཐུག་ཐབས་ཟད་ངང་བཤད།

    པེན་པ་གླིང་ཕྲན་ནི་སང་ཀེ་པར་ས་ཁུལ་གྱི་གླིང་ཕྲན་ཆེན་པོ་ཨང་གཉིས་པ་ཡིན་པ་དང་། དེར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་900ཙམ་དང་ཡུལ་མི་ཁྲི་60ལྷག་ཙམ་ཡོད། གླིང་ཕྲན་ཆུང་ངུའི་ནམ་མཁའ་གཡའ་དག་ཅིང་རྒྱ་མཚོ་དྭངས་ལ་དམངས་སྲོལ་བབ་ཆགས་པོ་ཡོད་ཀྱང་། སྐབས་ཤིག་རིང་ཁྲག་འཇིབ་འབུ་ཕྲའི་ནད་ཚབས་ལྕི་བའི་ས་ཁུལ་དུ་གྱུར་ཞིང་། 1986ལོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རོགས་དངུལ་བཏང་ནས་གླིང་ཕྲན་དེར་ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་ཀྱི་རྣམ་གྲངས་ཐོག་མར་ལག་ལེན་བསྟར། སློབ་གྲྭ་ཐོན་མ་ཐག་པའི་སའེ་ལའེ་སང་ཀེ་པར་འཕྲོད་བསྟེན་པུའི་དཔོན་རིགས་ཀྱི་མིང་ཐོག་ནས་རྣམ་གྲངས་དེ་ལག་ལེན་ཞིབ་ཕྲ་བསྟར་མཁན་ཞིག་ཏུ་གྱུར།

    “དེ་དུས་གླིང་ཕྲན་ལ་ན་ཚ་འདི་རིགས་ན་བ་སྤྱིར་བཏང་གོ་རྒྱུ་མེད། ངས་ཁྱིམ་ཚང་རེ་རེ་བཞིན་ལ་བསྐྱོད་དེ་འགྲེལ་བཤད་དང་ཐོ་འགོད་བྱས་མཐར་ཉིན་ལྟར་གཟུགས་པོ་ཡོངས་ངལ་དུབ་ཀྱིས་མནར་བའི་ཁར་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་ཡིན་སྟབས། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཀྱང་གྲུབ་འབྲས་དེ་ཙམ་ཡག་པོ་མ་ཐོབ་པར་བརྟེན་ཐེངས་མང་ངུ་ཤོར་ཡང་སང་ཉིན་མུ་མཐུད་འགྲོ་གི་ཡོད”ཅེས་ད་ཆ་པེན་པ་གླིང་ཕྲན་ཚ་བའི་ཁུལ་གྱི་ནད་འགོག་བཅོས་གཞུང་ལས་ཁང་གི་འགན་འཁུར་བར་གྱུར་པའི་སའེ་ལའེ་ཡིས་དེ་ལྟར་བཤད་ཅིང་། དུས་ཀྱི་འགྱུར་ལྡོག་དང་བསྟུན་ཁོང་ལ“གནོད་འབུ”གསོད་པའི་ལམ་བུར་བློས་ཁེལ་བའི་ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་མི་ཉུང་བ་ཞིག་ཀྱང་བྱུང་ཡོད།

    2014ལོར་ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཐན་ཙན་ནི་ཡར་ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་མཉམ་ལས་བྱ་རྒྱུའི་སྐོར་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ནས་ཀྲུང་གོ་སྲིད་གཞུང་གིས་མ་དངུལ་དང་ལག་རྩལ་རྒྱབ་སྐྱོར་བྱ་རྒྱུའི་འགན་ཁུར་ཞིང་། 2017ལོར་ཅང་སུའུ་ཞིང་ཆེན་ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་དང་པོ་པེན་པ་གླིང་ཕྲན་ལ་བཅའ་སྡོད་བྱས་ཏེ་ད་བར་རིགས་གཅིག་མཁས་ཅན་34པེན་པ་གླིང་ཕྲན་ལ་ལས་དོན་སྒྲུབ་པར་བསྐྱོད་ཡོད།

    ཐན་ཙན་ནི་ཡའི་ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་ལ་རོགས་སྐྱོར་བྱེད་པར་སྐྱོད་མཁན་ཀྲུང་གོའི་ལག་རྩལ་རྣམ་གྲངས་དུས་ཐེངས་གཉིས་པ་དེ་2023ལོའི་ཟླ་དགུ་པར་འགོ་བཙུགས་པ་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཧོང་ཡུས་ཀྲེང་གིས་འགོག་བཅོས་བྱ་བ་ནི“བཅོས་པ”ཙམ་མ་ཡིན་པར་དེ་བས་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་གཏོང་དགོས་ལ། ཆ་འཕྲིན་ཅན་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དེ་བས་ཀྱང་བྱེད་དགོས། དེ་ལྟར་བྱུང་ཚེ་ད་གཟོད་འབྱུང་རྩ་ནས་ཚོད་འཛིན་བྱེད་ཐུབ་ཅེས་བཤད།

    ད་ཆ་སང་ཀེ་པར་གྱི་ཁྲག་འཇིབ་འབུ་ཕྲའི་ནད་འགོག་བཅོས་རྣམ་གྲངས་ལག་ལེན་བསྟར་བ་དེས་ས་གནས་ཀྱི་ཁྲག་འཇིབ་འབུ་ཕྲའི་ནད་ཐོན་ཚད་དེ་8.92%ནས་0.64%བར་ཆག་ཡོད། སའེ་ལའེ་ཡིས་གལ་སྲིད་ཁྲག་འཇིབ་འབུ་ཕྲའི་ནད་གཙང་མ་བཟོ་དགོས་ཚེ། གོམ་སྟབས་རྗེས་མར་ཆུ་བེད་དང་། ཞིང་ལས། ཁོར་ཡུག་སྲུང་སྐྱོང་། སློབ་གསོ་སོགས་སྡེ་ཚན་དང་མཐུན་སྦྱོར་དམ་ཟབ་བྱེད་དགོས་ལ། ཡུལ་མིར་ཉིན་རེའི་འཐུང་ཆུའི་ཆུ་འགོ་གཙང་མ་ལོངས་སུ་སྤྱོད་རྒྱུ་ཡོང་བ་དགོས་བྱེད་པ་མ་ཟད། ཕྲུ་གུར་དུས་བཀག་ནང་འབུ་འདེད་སྨན་གཏོང་དུ་འཇུག་པ་དང་། མི་རྣམས་ཀྱིས་ཆུ་རྫིང་དུ་གོས་འཁྲུད་པ་དང་། རྐྱལ་རྒྱག་པ། རྩེད་མོ་རྩེ་བ་བཅས་བྱེད་མི་རུང་བའི་ངོས་འཛིན་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།