“དྲ་མིག”གཅིག་ཡག་པོ་བཟོས་ནས“ཧྥེང་ཆའོ”ཡི་རྣམ་པ་བཟང་པོ་བཏོད་པ།
—— བོད་ཀྱིས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་བཏོད་པ།
གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་ཞིང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་རྨང་གཞིའི་ལས་གྲྭ་ཞིག་རེད།
ན་ནིང་ལྗོངས་ཡོངས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་ནས་ལྗོངས་ཡོངས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་ཚོགས་འདུ་ནི་རང་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་ཐེངས་དང་པོ་དེ་ཡིན་ལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལེགས་ཆ་གང་ལེགས་མངོན་པ།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་དུ་སྐྱོད་སྐབས“ཏང་དམངས་ཇ་ཁང་ཆུང་ཆུང”དང“ཏང་དམངས་ཞབས་ཞུའི་ས་ཚིགས”ཀྱི་སྒོ་བྱང་མངོན་གསལ་དེ་བས་དོད་པོ་ཡོད་པ་དང་། འདི་ནི་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག་རེད། ཤ་གསོས་ཤང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས་བྱས་ནས་དོན་གྲོས་བྱ་ཡུལ་འཛུགས་པ་དང་། “ངོ་ཐུག་གདོང་འཕྲད”ཀྱི་སྒོ་ནས་ཁྲིམས་ལུགས་འགྲེལ་བཤད་རྒྱག་པ་དང་རྒྱུ་མཚན་གསལ་པོ་ཤོད་པ། གདུབ་ཟུམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་མིའི་དོན་གྲོས་བྱ་ཡུལ་བཙུགས་པ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ཁུངས་དང་སྟོབས་ཤུགས་སྣ་ཚོགས་ལ་སྤྱི་འདོམས་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཡོད།
གཞི་རིམ་བཅོས་སྐྱོང་ཐད། མི་སྒེར་གྱིས་རང་ཁྱིམ་སྒོ་འགྲམ་གྱི་གངས་འཕྱག་སྐབས། དོ་དམ་བྱེད་མཁན་མེད་པ་དང་། དོ་དམ་བྱེད་མི་འདོད་པ། དོ་དམ་ཡག་པོ་བྱེད་མི་ཐུབ་པ་བཅས་ཀྱི་དཀའ་གནད་ལ་དམིགས་ཏེ་བོད་ཀྱིས“ལེན་ཤོག་ཐོག་ཀྲི་པུའུ་འཛུགས་པའི”ལོ་རྒྱུས་ཀྱི་ཉམས་མྱོང་སློབ་སྦྱོང་ཧུར་ཐག་བྱས་ནས་དྲ་མིག་1ལ་ཏང་ཀྲི་པུའུ་1དང་དུད་སྦྲེལ་ཚན་པ(ཁང་སྟར)1ལ་ཏང་ཚོགས་ཆུང་1འཛུགས་པའི་རྩ་དོན་གཞིར་བཟུང་། ཏང་འཛུགས་སྐྱོང་ལས་དོན་གཞི་རིམ་བཅོས་སྐྱོང་གི་ཚན་པ་ཆུང་ཤོས་ཡོངས་སུ་ཁྱབ་པར་བྱས་ཡོད། ཆ་རྐྱེན་དང་མཐུན་པའི་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཨུ་ཡོན་གྱིས་འབྲེལ་ཡོད་གོ་རིམ་བརྒྱུད་དོ་བདག་ཨུ་ལྷན་ནམ་སྡེ་ལས་དོ་དམ་ཨུ་ལྷན་གྱི་ཁོངས་མིའི་འགན་གཅིག་ལྕོགས་འཁུར་རྒྱུ་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ་དང་།གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པས་འགན་གཙང་ལེན་པའི་དྲ་མིག་ལམ་སྲོལ་བཙུགས་པས། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་ཕྱོགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།
ཞིང་འབྲོག་ཁུལ་གྱི་བརྟན་ལྷིང་མེད་ན་ལྗོངས་ཡོངས་ཀྱི་བརྟན་ལྷིང་མེད། བོད་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག་བྱེད་པ་དེ་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགག་རྩའི་བྱ་ཐབས་ལ་བརྩིས་ནས“རུས་རྒྱུད་དང་ཆོས་ལུགས་ཕྱོགས་གཏོགས་དང་ནག་གཤེད་ཕྱོགས་གཏོགས་ཀྱི་འགོག་རྐྱེན་དང་བསླད་སྐྱོན་ཕོག་ནས་གནད་དོན་འཕྲད་སྐབས་མགོ་བོ་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་མི་ཐོན་པའི”ཏང་རྩ་འཛུགས་ལ་བཅོས་སྒྲིག་བྱེད་པ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་ནག་སེལ་གཤེད་གཅོམ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དང་ཟུང་འབྲེལ་གྱིས《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་མཐུན་སྦྱོར་དང་། “གྱོད་གཅིག་གསུམ་བཤེར”ཐབས་གཉིས་མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་འདི་ལོ་ཚུན་དུ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་240ལ་བཅོས་སྒྲིག་བྱས་ནས་ཕུང་འདྲེར་ཉེས་ཆད་ནན་པོ་བཅད་པ་དང་ཁ་ཕྲལ་ཕྱོགས་གཏོགས་དང་ནག་གཤེད་ཕྱོགས་གཏོགས་ཆགས་ས་མེད་པར་བཟོས་ཡོད། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་གྲོང་ཚོ་ཞིག་གི་ཏང་ཀྲི་པུའི་ཧྲུའུ་ཅིས“རུས་རྒྱུད་ཕྱོགས་གཏོགས་དང་ནག་གཤེད་ཕྱོགས་གཏོགས་མེད་པར་བཟོས་པས་ང་ཚོའི་ལས་ཀའི་སེམས་ཁྲལ་བསལ་སོང་ལ་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང་། ད་ཆ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ཁོངས་མི་ཚང་མས་བློ་ཁོག་ཆེན་པོས་ལས་ཀ་བྱེད་ཐུབ་པས་མང་ཚོགས་ཀྱིས་གྲོང་ཚོའི་ལས་ཀར་རྒྱབ་སྐྱོར་དེ་བས་བྱེད་ཀྱི་འདུག”ཅེས་བརྗོད།
ཁྱོན་ཡོངས་ལ་ཁྱབ་པའི་དྲ་མིག་དོ་དམ་མ་ལག་བསྐྲུན་པ།
བོད་དུ་མཐའ་མཚམས་ས་ཁུལ་དང་། ལྟེ་བའི་ས་ཁུལ། ཞིང་འབྲོག་ཁུལ་བཅས་ཡོད་པས་གཞི་རིམ་བཅོས་སྐྱོང་གི་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་ནི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད།
མི་འབོར་གྱི་གཞི་ཁྱོན་འོས་འཚམ་དང་། ཞབས་ཞུའི་དོ་དམ་སྟབས་བདེ། ཐོན་ཁུངས་བཀོད་སྒྲིག་ནུས་ལྡན། བྱེད་ནུས་བལྟོས་བཅས་འཐུས་ཚང་བཅས་ཀྱི་རྩ་དོན་གཞིར་བཟུང་། བོད་ཀྱིས་དྲ་མིག་ཅན་གྱི་དོ་དམ་མ་ལག་ལེགས་སུ་ཧུར་ཐག་བཏང་ནས་དྲ་མིག་རེར་དྲ་དཔོན་1དང་། དྲ་མིག་མི་དམངས་ཉེན་རྟོག་པ་1 དྲ་མིག་དོ་དམ་པ་འགའ་ཞིག དུད་སྦྲེལ་སྤྱི་མི(ཐོག་དཔོན་སྟར་དཔོན)འགའ་ཞིག་བཅས་བཀོད་སྒྲིག་ཁ་གསལ་བྱས་ནས། ཐག་ཉེ་ས་དང་སྟབས་བདེ་སའི་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དང་། ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས། རྣམ་གྲངས་ཨར་ལས་ཚན་པ་སོགས་དྲ་མིག་དང་དུད་སྦྲེལ་ཚན་པར་བཅུག་ཡོད།
དོན་དངོས་དང་ཟུང་འབྲེལ་གྱིས་ཤང་གྲོང་རྡལ(ཁྲོམ་གཞུང)དང་། གཞི་རིམ་མངགས་གཏོང་ཁང་། ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ར། ཁྲིམས་འཛིན་སུའོ། མི་དམངས་འདུམ་འགྲིག་ལྟེ་གནས། ཡིག་འབུལ་ཞུ་བཅར་སྣེ་ལེན་ལྟེ་གནས་སོགས་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ཤང་གྲོང་རྡལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག“ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས”ལ་བརྟེན་ནས་བརྙན་ལམ་གྱི་APPགསར་སྤེལ་བྱས་པ་དང་འབྲེལ་གྲོང་ཚོ་རིམ་པར་བཀོད་སྒྲིག་བྱས་པ་དང་། ན་ནིང་ཟླ་6པ་ཙམ་ལ་སྦྲེལ་མཐུད་ཐུབ་ནས་ལེབ་སྙོམས་ཅན་གྱི་བཀོད་འདོམས་མ་ལག་བསྐྲུན་ཡོད།
གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་འབྲོག་ཁུལ། མཐའ་མཚམས་ས་ཁུལ་སོགས་ཀྱི་ཆེད་གཏོགས་དྲ་མིག་ལེགས་སུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཚོགས་ཆུང་ངམ་ཡང་ན་སྡོད་ཁང་ཁུལ་ཆུང་དང་ཐོག་ཁང་ཚན་པར་བྱས་ནས་དྲ་མིག་ཕྱེ་བ་དང་། ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོའམ་ཡང་ན་གྲོང་མིའི་ཚོགས་ཆུང་ཚན་པར་བྱས་ནས་དྲ་མིག་ཕྱེ་ཡོད། དེ་དང་ཆབས་ཅིག ཆེད་གཏོགས་དྲ་མིག་བཙུགས་ནས་མི་སྣ་འདུ་འཛོམས་བྱ་ཡུལ་ལ་དམིགས་ཏེ་ཁེར་རྐྱང་དྲ་མིག་ཕྱེ་ཡོད། ན་ནིང་ལྗོངས་ཡོངས་ནས་དྲ་མིག་ཁྲི་1.24ལེགས་སུ་བཏང་བ་དང་། དུད་སྦྲེལ་སྤྱི་མི་6633ལེགས་སྒྲིག་བྱས་པ། ཆེད་བསྐོས་དྲ་མིག་དོ་དམ་པ་1287བསྡུས་ཡོད། ཁོང་ཚོས“དཔུང་རྟགས་དམར་པོ”བཏགས་ནས་གཞི་རིམ་བཅོས་སྐྱོང་གི་འཐབ་ས་དང་པོར་ལས་དོན་ཧུར་ཐག་སྒྲུབ་བཞིན་ཡོད་པས། མང་ཚོགས་ཚོས་ཕན་ཚུན་ལྟ་སྐྱོང་དང་བློ་བདེ་ཞི་མཐུན་གྱི“སེམས་དྲོད་དཔུང་རྟགས་དམར་པོ”ཞེས་འབོད་ཀྱི་ཡོད།
མཉམ་སྐྲུན་མཉམ་སྐྱོང་དང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་འཐུས་སྒོ་ཚང་དུ་བཏང་བ།
གཞི་རིམ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་དང་། གཞི་རིམ་བདེ་འཇགས་བྱུང་ན་སྤྱི་ཚོགས་བདེ་འཇགས་ཡོང་ཐུབ།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་བ་མཐའ་འཁྱོངས་བྱས་ནས་མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་མཐའ་འཁྱོངས་དང་། གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་ཧུར་ཐག ས་ཆ་གཅིག་ལ་ཁྱད་ལྡན་གཅིག་དང་གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་ཡོད་པ། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་བསྐྲུན་ཡོད།
ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་རྒྱག་པར་དམིགས་ཏེ་བོད་ཀྱིས་སྔ་རྗེས་སུ་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཁག་14བཏོན་ཞིང་། གཙོ་གནད་མངོན་གསལ་དོད་པ་དང“བྱ་སྤྱོད་ཆེན་པོ་བདུན”སྤེལ་བ་བརྒྱུད། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བ་རྒྱུན་གཏན་དང་རྟག་ཏུ་བསྒྲུབ་རྒྱུར་སྐུལ་འདེད་བཏང་བས“མི་དང་། ས་ཆ། བྱ་དངོས། དོན་དག་བཅས་ལ་སྔོན་འགོག་དང་། དོ་དམ། རྡུང་རྡེག གྲལ་བཤེར། བཅོས་སྐྱོང་བྱེད་པར”སྡེབ་གཅིག་ལ་སྐུལ་འདེད་གཏོང་བའི་ལས་རྣམ་ཞིག་རགས་ཙམ་ཆགས་ཡོད།
གཙོ་འགན་གཙོ་ལས་ལ་དམིགས་པ་དང་དེ་སྔའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས། དྲ་མིག་དོ་དམ་པ་དང་དུད་སྦྲེལ་སྤྱི་མིའི“མི་སྣ་ཁག་བདུན”གྱི་འགན་འཁྲི་ཚད་ལྡན་དུ་བཏང་ཡོད། དེ་དང་དུས་མཚུངས“ཁ་གསལ་ལྔ”བཟོས་ཏེ་ལས་འགན་ཁ་གསལ་དང་། འགན་འཁྲི་ཁ་གསལ། ཐག་གཅོད་བྱེད་ཐབས་ཡོད་པ། ཞབས་འདེགས་ཞུ་ཐབས་ཡོད་པ་བཅས་བྱས་ནས“སྒྲུབ་མི་ཤེས་པའི”གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཆེད་ལས་དང་ལས་འགན་གཅིག་ལྕོགས་འཁུར་བའི་དྲ་མིག་དོ་དམ་པ་ཁྲི་5ལྷག་ཙམ་དང་དུད་སྦྲེལ་སྤྱི་མི་ཁྲི་9ལྷག་ཙམ་ཁྲོམ་གཞུང་སྲང་ལམ་དང་གྲོང་ཚོ་སྒོ་རར་བསྐྱོད་དེ་ལས་རེས་སྐོར་ཞིབ་དང་། འགལ་ཟླ་གྲལ་བཤེར། སྒོ་རྩར་ཞབས་ཞུ་བཅས་བྱས་པས“མི་དྲ་མིག་ཏུ་ཡོད་པ་དང་དོན་དག་དྲ་མིག་ཏུ་སྒྲུབ་པའི”གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད།
དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་ཏེ། “དཔོན་གསུམ”གྱི་འགལ་ཟླ་དང་རྩོད་གཞི་སེལ་བའི་ལམ་སྲོལ་འཚོལ་ཞིབ་དང་ཁྱབ་གདལ་བཏང་བ་དང་། “གཅིག་འཐུས”ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་གང་མགྱོགས་བཙུགས་པས“དོན་ཆུང་གྲོང་ཚོ་ནས་ཐག་གཅོད་དང་། དོན་ཆེན་གྲོང་རྡལ་ནས་ཐག་གཅོད། འགལ་ཟླ་རང་སར་ཐག་གཅོད”བཅས་ཐུབ་ཡོད། མིག་སྔར་ལྗོངས་ཡོངས་སུ་ཚད་གཞི་ཅན་གྱི་གཏུག་བཤེར་ཞབས་ཞུ་ལྟེ་གནས་46དང་། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འབྲེལ་གཏུག་ཁང་35 སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་82 སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ས་ཚིགས་254 མི་དམངས་འདུམ་འགྲིག་རྩ་འཛུགས་6940བཅས་བཙུགས་ནས“རྣམ་གྲགས་འདུམ་འགྲིག་ཁང”དང“ཨ་ཁུ་དཔལ་ཆུང”སོགས་ཀྱི་སྤུས་རྟགས་འདུམ་འགྲིག་ཁང་140བཏོད་ཡོད། 2022ལོ་ཚུན་དུ་ཁྱོན་བསྡོམས་འགལ་ཟླ་དང་རྩོད་གཞི་ཁག་ཁྲི་1.5ལྷག་ཙམ་འདུམ་འགྲིག་ཐག་གཅོད་བྱས་པ་དང་། འགལ་ཟླ་དང་རྩོད་གཞི་ཁག་4200ལྷག་ཙམ་སྔོན་འགོག་བྱས་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།