དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྔོན་དཔག་བྱས་ན་ན་ནིང་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་10%ཡན་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-16

     ཉིན་ཤས་གོང་། གསར་འགོད་པར་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2023ལོར། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་གསོག་འབོར་ལེགས་གཏོང་དང་། འཕར་ཚད་རྒྱ་སྐྱེད། སྒུལ་ནུས་སྒྱུར་བ། སྤུས་ཕན་གཉིས་ཀ་ཆེར་གཏོང་བཅས་ཤུགས་ཆེན་ཡོང་བ་བྱས་ནས་དཔལ་འབྱོར་དང་ཆ་འཕྲིན་ཅན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོ་ཞིག་སྤོ་བར་སྐུལ་འདེད་བཏང་ཡོད། སྔོན་དཔག་ལྟར་ན། ལོ་ཧྲིལ་པོར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་10%ཡན་འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་40%ཙམ་འཕར་བ། གྲངས་འཛིན་དཔལ་འབྱོར་འཕར་ཐང་དུས་མཚུངས་ལས་15%ཡན་འཕར་བ། གླིང་ཁུལ་བཟོ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་དུས་མཚུངས་ལས་30%ཡན་འཕར་བ། ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་35.4%འཕར་བ། མཐོ་གསར་གྲངས་འཛིན་ཐོན་ལས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་36%འཕར་བ་བཅས་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་ཡང་བའི་བཟོ་ལས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། ལོ་དང་པོར་ས་མཐོའི་ཐབ་ཆས“གངས་ལྷ་མེ་ཏོག”རྟགས་ཅན་ཁྲི་67བཙོངས་པར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་2.7ཟིན་ནས་ཐོན་སྐྱེད་དང་བྲིན་ཚོང་གཉིས་ཀ་ཡག་པོ་བྱུང་སྟེ“ཐབ་ཆས་བརྗེ་སྒྱུར”དེ་ས་མཐོའི་ཡང་བའི་བཟོ་ལས་ཀྱི་ཚོང་ལམ་གསར་པར་གྱུར་ཡོད། བོད་ཀྱི་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་གོ་ལ་ཧྲིལ་པོའི་སྔོན་ལ་བྱུག་རྩི་མེད་པའི་ཐབ་ཆས་སྣ་ཚོགས་ཐོན་སྐྱེད་ཚོད་ལྟ་བྱས་ཡོད། ཀོང་ཏུང་ཧྲུན་ཧྥ་ལྕགས་རིགས་ཐོན་རྫས་ཚད་ཡོད་ཀུང་སིས་ལྷ་སར་བོད་ལྗོངས་ཞུའེ་ཁྲུའུ་ཚན་རྩལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པའི་ལོ་དེར་ས་མཐོའི་ཐབ་ཆས་སྣ་ཚོགས་ཁྲི་80ཐོན་སྐྱེད་བྱས་ཡོད།

    དེ་དང་དུས་མཚུངས་རང་ལྗོངས་ཀྱི་གྲངས་འཛིན་མཉམ་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་137གྱི་སྲིད་དོན་ཆ་འཕྲིན་མ་ལག་322རང་སྐྱོང་ལྗོངས་གྲངས་གཞི་ཆེན་པོའི་ལྟེ་གནས་སུ་སྤོས་ནས་གྲངས་གཞི་དུང་ཕྱུར་14.9བསྡུ་རུབ་དང་གྲངས་གཞིའི་ཐོན་ཁུངས་ཀྱི་དཀར་ཆག་གསལ་ཐོ་2204བཀྲམ་ནས་སྤྱི་པའི་བདེ་འཇགས་དང་། གཞི་ཆེན་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་དར་དམངས་ཕྱུག་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་གཞི་ཆེན་པོ་སྤྱོད་ཡུལ་4དང་བརྗོད་གཞིའི་ཆེད་དོན་སྤྱོད་ཡུལ་23བཏོད་པ་དང་། གྲོང་ཁྱེར་དང་ས་གནས་ཁག་གི་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། རིམ་པ་ཁག་དང་སྡེ་ཚན་ཁག་ལ་གྲངས་གཞི་མཉམ་སྤྱོད་དང་བརྗེ་རེས་ཐུབ་པ་དང་། རིམ་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་དཔེ་སྟོན་དང་སྣེ་ཁྲིད་ཐུབ་ནས་ཁེ་ལས་4རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭར་དཔྱད་འདེམས་བྱས་པ་དང་། ཁེ་ལས་10རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་ཚོད་ལྟ་བྱ་ཡུལ་ནང་བཅུག་པ། ཁེ་ལས་3ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཚན་གྱིས“དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་གསོ་སྦྱོང་རྟེན་གཞིར”དཔྱད་འདེམས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ལས་དོན་དེ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་གཞིར་བཟུང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཡོང་བར་སྤྱི་འདོམས་ཀྱིས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་བཏང་བས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དང་། གྲངས་འཛིན་དཔལ་འབྱོར་འཕར་ཐང་། ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་མ་འཇོག མཐོ་གསར་གྲངས་འཛིན་ཐོན་ལས་མ་འཇོག་བཅས་ཚང་མ་10%ཡན་ཟིན་པར་འགན་ལེན་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།