དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“ཐབས་རྣམ་བཞི”སྤྱད་དེ་མི་ཐེངས་1200ལྷག་ཙམ་ལ་སྐྱོན་བརྗོད་སློབ་གསོ་དང་། རོགས་རམ། ཐག་གཅོད་བཅས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-16

    “ཐབས་རྣམ་བཞི”ནི་དུས་བབ་གསར་པའི་འོག་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལག་ཆ་ནུས་ལྡན་ཞིག་རེད་ལ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་བསྟར་ཁྲིམས་སྒྱུར་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་རེད། 2023ལོར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས“ཐབས་རྣམ་བཞི”གནད་སྨིན་ངང་སྤྱད་དེ་མི་ཐེངས་1290ལྷག་ཙམ་ལ་སྐྱོན་བརྗོད་སློབ་གསོ་དང་། རོགས་རམ། ཐག་གཅོད་བཅས་བྱས་པ(དུས་མཚུངས་ལས་47.9%འཕར་བ)དེས་75.8%དང་། 19.3% 1.6% 3.3%སོ་སོར་བཟུང་ཡོད་པ་རེད། གྲངས་གཞི་དེ་དག་ནི་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ“ཐབས་རྣམ་བཞི”གནད་སྨིན་ངང་སྤྱད་པའི་ལག་ལེན་གསོན་ཉམས་དོད་པོ་ཞིག་རེད།

    “‘ཐབས་རྣམ་བཞི’ལ་ཆབ་སྲིད་ཀྱི་རང་བཞིན་དང་། སྲིད་ཇུས་ཀྱི་རང་བཞིན། ཐབས་ཇུས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས་ཐབས་རྣམ་གང་ཞིག་སྤྱད་རུང་དངོས་ཐོག་བདེན་འཚོལ་དང་སྒྲིག་སྲོལ་དང་བཅའ་ཁྲིམས་གཞིར་བཟུང་བ་ནི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་རེད། ང་ཚོས་རྒྱུན་རྣམ་ཅན་གྱི་སྒོ་ནས‘ཐབས་རྣམ་དང་པོ’སྤྱད་དེ་སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་རྐྱེན་རྩ་ཆུང་ཟློག་དང་། སྒྲིག་འཁུར་སྔོན་འཇོག་གི་ཉེན་ཟོན་ནུས་པ་གང་ལེགས་འདོན་པ། ཐོན་བཟོ་ཡོད་པའི་གནད་དོན་ཤེས་ཚེ་དུས་ཐོག་ཏུ་སྐོང་འདྲི་རྩད་འདྲི་དང་སྐྱོན་བརྗོད་སློབ་གསོ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་སློབ་གསོ་དྲན་སྐུལ་བྱས་ཏེ་དྲན་སྐུལ་རྣ་ཅོག་བསུན་བསུན་དང་སྐྱོན་བརྗོད་རྔུལ་ནག་ཤོར་ཤོར་རྒྱུན་རྣམ་དུ་འགྱུར་བར་བྱེད་ཀྱི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྩ་འཛུགས་ལ་འགན་ཁུར་བ་དང་། ལས་བྱེད་པར་འགན་ཁུར་བ། བྱ་གཞག་ལ་འགན་ཁུར་བ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་སྒྲིག་འགལ་གྱི་མཚམས་ལ་སླེབས་པའི་ཏང་ཡོན་ལས་བྱེད་པར་སློབ་གསོ་ཉེན་བརྡ་དང་རོགས་རམ་བྱེད་པར་དེ་བས་མཐོང་ཆེན་བྱས་ནས“རྨ་གསར་ནད་ཆུང”དེ་དག“རྨ་རྙིང་ནད་ཆེན”དུ་མ་འགྱུར་བ་བྱས་ཤིང་། ཐག་གཅོད་བྱས་པའི་གནད་དོན་གྱི་ཁུངས་སྣེའི་ཁྲོད་དུ་སྐོང་འདྲི་རྩད་འདྲི་དང་དོན་ཐག་བཅད་པའི་གྲངས་འབོར་གྱིས་བསྡོམས་འབོར་གྱི་40%བཟུང་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་བསྟར་དང་ཁྲིམས་སྒྱུར་གཉིས་འབྲེལ་མཐུད་བྱས་ཏེ་ཐབས་རྣམ་གཉིས་པ་དང་གསུམ་པ་སྤྱོད་འཐུས་ལ་ནོར་འཁྲུལ་གྱི་ངོ་བོ་དང་ཚབས་ཆེ་ཆུང་གཞིར་བཟུང་རྩ་འཛུགས་ཀྱི་ལེགས་སྒྲིག་དང་སྒྲིག་ཁྲིམས་ཀྱི་ཆད་པ་སོགས་བཅད་དེ་རིགས་དབྱེ་ཐག་གཅོད་དང་རིམ་པ་བཞིན་འགོག་བཅོས་བྱས་པ་རེད།

    “སྒྲིག་འགལ་ཁྲིམས་འགལ་ཚབས་ཆེ་ཞིང་ལམ་ནོར་ལྡོག་ཤེས་མེད་པའི་ཏང་ཡོན་ལས་བྱེད་པར། ང་ཚོས་ཐོག་མཐའ་བར་གསུམ་དུ‘ཐར་པར་གཏན་ནས་མི་གཏོང་བའི’རྣམ་འགྱུར་བཟུང་སྟེ་ཐག་ཆོད་པོ་དང་གཟབ་གཟབ་ནན་ནན་གྱིས‘ཐབས་རྣམ་བཞི་པ’སྤྱོད་པ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་གྱོད་ཐོ་བཀོད་ནས་བརྟག་དཔྱད་ཞིབ་བཤེར་དང་ཆད་པ་ནན་པོ་བཅད་དེ་ཟིལ་ཤུགས་ཆགས་པར་བྱས་ཐོག་ཉུང་ཤས་ལ་ཆད་པ་བཅད་དེ་མང་ཆེ་བར་སློབ་གསོ་བརྒྱབ་པས‘ཕན་འབྲས་གསུམ’གཅིག་གྱུར་ནུས་ལྡན་བྱུང་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོར། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གནད་དོན་གྱི་ཁུངས་སྣེ་1500ལྷག་ཙམ་ཐག་གཅོད་བྱས་པ་དང་གནད་དོན་300ལྷག་ཙམ་གྱོད་ཐོ་བཀོད་པ་དང་། མི་250ལྷག་ཙམ་ལ་ཏང་སྒྲིག་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་11ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་པ་བཅས་རེད།

    2023ལོའི་ཟླ་10པར། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཤིག་གི་འགན་འཁུར་བ་གཞོན་པའི་ལས་བྱེད་པ་ཝང་ཆེ་གེ་མོས་སྲིད་ཇུས་ལ་གོ་བ་ཡག་པོ་མ་བླངས་པར་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཐོན་ཞིང་། རྩ་འཛུགས་ཀྱིས་སྐོང་འདྲི་བྱས་རྗེས་ཝང་ཆེ་གེ་མོས་ནོར་འཁྲུལ་ངོས་ལེན་གྱི་རྣམ་འགྱུར་ཟོལ་མེད་ཡིན་པ་དང་ཤུགས་རྐྱེན་ངན་པའང་རང་འགུལ་ངང་བསལ་བས། གྲོང་ཁྱེར་དེའི་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་ལག་ལེན་བསྟར་ཏེ་ཁོ་པར་གྱོད་ཐོ་བཀོད་ནས་ཆད་པ་མི་ཕོག་པར་བྱས་པ་དང་། ཝང་ཆེ་གེ་མོར་སོ་སོའི་ནོར་འཁྲུལ་ཤེས་པར་བྱས་ནས་སྣ་སུན་ཕོག་པ་དང་བསླབ་བྱ་ལེན་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པས་སློབ་གསོའི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། ལག་ལེན་བསྟར་སྐབས། ཉིང་ཁྲི་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་གུ་ཡངས་དང་ནན་པོ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས“དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་པོ་དང་། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་གནད་སྨིན་ངང་སྤྱོད་པ། དག་འབུད་གསལ་བཟོ་དང་། མ་ཉེས་ཁ་གཡོག་ལ་ཞིབ་བཤེར་ཐག་གཅོད། བསྐྱར་འདྲི་སློབ་གསོ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ལས་བྱེད་པས་འགན་ཁུར་ཕོད་པར་ལྕག་སྐུལ་བྱེད་པའི“སྣ་འདུས་ཐབས་བཟང”ཡག་པོ་སྤྱད་པ་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱོན་ཏང་ཡོན་ལས་བྱེད་པ་5ལ་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་སྤྱད་པ་དང་། ཏང་ཡོན་ལས་བྱེད་པ་17གྱི་དོན་དངོས་དང་མི་མཐུན་པའི་ཐེར་འདོན་གནད་དོན་14ལ་དག་འབུད་གསལ་བཟོ་བྱས་པ། རྩ་འཛུགས་ཀྱི་ཐག་གཅོད་དམ་ཡང་ན་ཏང་སྒྲིག་སྲིད་དོན་གྱི་ཆད་པ་ཕོག་ནས་དུས་ཚད་ཐིམ་རྗེས་བྱེད་སྟངས་མཚོན་ཚུལ་ཕུལ་བྱུང་གི་གྲོང་ཁྱེར་དོ་དམ་ལས་བྱེད་པ་23གནས་སྤར་བཀོལ་སྤྱོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།