དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་གཏོད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོཌ་ཐེངས་གསུམ་པར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-01-16

    “སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དེས་དམིགས་བསལ་གྱི་ཆབ་སྲིད་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ཕྲག་ཏུ་འཁུར་ཡོད” སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་ཐུགས་རེ་ནན་པོ་བཅོལ་བ་དང་བླང་བྱ་ཁ་གསལ་བཏོན་གནང་བ་དང་འབྲེལ། “རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་ཧུར་ཐག་བྱས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་གཏོད་དགོས་པའི”ནན་བཤད་གནང་བ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཚན་ཁག་གསར་པ་དང་། རྣམ་པ་གསར་པ། དུས་བབ་གསར་པ། བྱས་རྗེས་གསར་པ”བཅས་ཀྱི་རེ་སྒུག་དང་བླང་བྱ་བློ་ལ་བརྟན་པོར་བཅངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དེ་གཙོ་རྐང་དུ་བརྩི་བ་དང་། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་འགན་འཁྲི་དང་ལས་འགན་དུ་བརྩི་བ། ཏང་ཆེན་པོར་མ་གཏོགས་མེད་པའི་དཀའ་གནད་ཐག་གཅོད་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་དམིགས་ཚད་དང་ཁ་ཕྱོགས་ལ་བརྩི་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་བྱ་རྒྱུ་དེ་གཙོ་གནད་ལ་བརྩི་བ། སློབ་སྦྱོང་གཏིང་ཟབ་དང་། བརྟག་ཞིབ་གཏིང་ཟབ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ནན་པའི་དགོངས་གཞི་དང་། ནན་པའི་བྱེད་ཐབས། རྣམ་པ་ཟབ་མོ་བཅས་ལ་བརྟེན་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་བ་དང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་མཐའ་འཁྱོངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད།

    ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པ་དེས་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་བསམ་བློའི་མཚོན་ཆ་གལ་ཆེན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། མིག་སྔའི་ཆེས་འགག་རྩ་ནི་དགོངས་དོན་གལ་ཆེན་འདི་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཡིན་པས། བརྩེ་སེམས་ཟབ་མོ་འཆང་བ་དང་། དད་སེམས་བརྟན་པོ་འཆང་བ། འགན་འཁྲི་ཆེན་པོ་འཆང་བ་བཅས་བྱས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དགོངས་དོན་གལ་ཆེན་འདིའི་སྙིང་བཅུད་དང་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡག་དག་ཆུད་པ་དང་དགོངས་དོན་དེ་རང་རྟོགས་ངང་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ལག་བསྟར་བྱེད་དགོས།

    2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ། སྤྱོད་བཟང་སྒྲིག་ནན་གྱིས་རུལ་རྒོལ་གཏིང་ཟབ་བྱས་ནས་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

    “ངེས་པར་དུ་ཐོག་མཐའ་བར་གསུམ་གྱི་སྒོ་ནས་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་དང་། མཐའ་གཅིག་ཏུ་བློས་འཁེལ་བ། མཐའ་གཅིག་ཏུ་སྤྱོད་པ་གཙང་བ་བཅས་བྱེད་དགོས”ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་དེ་བས་ཡག་པོ་འཁུར་རྒྱུར་དམིགས་ནས་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། རང་ངོས་འཇོན་ཐང་ལྡན་པར་དང་ཐོག་རང་ངོས་སྤྱོད་གཙང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྒྱུན་གཏན་ཅན་གྱི་ཕུང་འདྲེ་གཙང་སེལ་དང་། “སྒྲོན་འོག་མུན་པ”མཐའ་གཅིག་ཏུ་འགོག་བཅོས། རང་ངོས་གསར་བརྗེ་མཐར་ཕྱིན་བྱེད་པའི་དགོངས་དོན་དར་སྤེལ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་རང་ངོས་འཛུགས་སྐྱོང་གཏིང་ཟབ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་དཔུང་ཁག་གཏོད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་དངོས་འབྲེལ་ཡོང་བ་བྱེད་དགོས།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པས། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་སེམས་མཐུན་སྟོབས་སྒྲིལ་དང་ལྷག་བསམ་རྣམ་དག་ངང་རང་འགན་བསྒྲུབས་ཏེ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་དང་ནམ་ཡང་སྒྱིད་ལུག་མི་བྱེད་པའི་བསམ་བློའི་འཁྱེར་སོ་བཅངས་ནས་རྒྱང་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས་ཏང་གི་རང་ངོས་གསར་བརྗེ་མཐའ་གཅིག་ཏུ་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།