ལོ་གསར་གྱི་མཁོ་ཆས་དེ་ནས་ཀྱང་འཚོང་གི་འདུག ཉོ་ཆ་སྐྱོན་པར་ཕེབས་དང་།
རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ཚོང་དོན་སྡེ་ཚན་གྱིས་སྣེ་འཁྲིད་པ་དང་། བོད་ལྗོངས་ཁ་ཁེ་ལཱ་ཚོང་དོན་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ། བོད་ལྗོངས་དགའ་སྐྱིད་གླིང་ཐང་ཆེན་དང་བོད་ལྗོངས་ཡུལ་སྐོར་ཆ་འཕྲིན་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པའི་ལོ་གསར་གྱི་མཁོ་ཆས་འགྲེམས་འཚོང་དགའ་སྐྱིད་གླིང་ཐང་ཆེན་གྱི་ཐོག་སོ་དང་པོར་བྱེད་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འགྲེམས་འཚོང་ལ་དུས་ཡུན་ཉིན་11ཡོད་ཅིང་། འདིར་ནེ་པ་ལ་དང་། འབྲུག་ཡུལ། ཐེ་ལན། སི་རི་ལན་ཁ། རྒྱ་གར་བཅས་རྒྱལ་ཁབ་5ཡི་ཚོང་དོན་ཚོགས་པ་72ཀྱིས་ཐང་ག་དང་། དངུལ་ཆས། ཤིང་ཕོར་སོགས་ཚོང་ཟོག་མི་ཉུང་བ་ཞིག་ཁྱེར་ནས་འགྲེམས་འཚོང་ལ་ཞུགས་ཡོད་པ་རེད།
འགྲེམས་འཚོང་དུ་ལྟ་བས་མི་ངོམ་པའི་ཚོང་ཟོག་སྣ་ཚོགས་ཀྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་ཅིང་། ཁྱིམ་ཆས་དང་། སྟོད་ཐུང་སྦ་ལན། ཁ་གདན། དེ་བཞིན་སི་རི་ལན་ཁའི་ཇ་ལོ་སོགས་ཡུལ་ལུང་མི་འདྲ་བའི་ཁྱད་ལྡན་ལོ་གསར་གྱི་མཁོ་ཆས་ཇི་སྙེད་ཅིག་ཡོད། ས་ཡུལ་དངོས་སུ་ལོ་གསར་གྱི་མཁོ་ཆས་ཉོ་མཁན་གྱི་གྲོང་མི་བགྲང་གི་མི་ལང་བས་དེ་བས་འཁྲུག་ཆ་དོད་པར་སྣང་།
གྲོང་མི་བསམ་གྲུབ་ཀྱིས་བརྗོད་དོན།
ངས་སྔ་ས་ནས་འགྲེམས་འཚོང་འདིའི་དྲིལ་བསྒྲགས་མཐོང་བྱུང་། དེ་རིང་ཆེད་མངགས་ལྟ་བར་ཡོང་བ་ཡིན། འདིར་ཐོན་རྫས་ཀྱི་སྣ་ཁ་ཕུན་སུམ་ཚོགས་པོ་འདུག་ལ། གོང་ཡང་ཁེ་པོ་འདུག ད་ལྟ་ཏོག་ཙམ་ནས་ང་ཤིང་ཕོར་ཞིག་ཉོ་བར་འགྲོ་མཁན་ཡིན།
ཤ་ཚའི་དྲན་སྐུལ།
ད་ཐེངས་འགྲེམས་འཚོང་གི་དུས་ཚོད་ནི་ཟླ་1ཚེས་11ནས་21ཉིན་བར(སྔ་དྲོའི་ཆུ་ཚོད་10:30ནས་དགོང་མོའི་ཆུ་ཚོད་10:00བར )རེད་འདུག གྲོང་མི་ཚོས་སྤྱི་སྤྱོད་རླངས་འཁོར་1པོ་དང་28ལ་བསྡད་ནའང་ས་ཆ་འདིར་འབྱོར་གྱི་ཡོད།
(ཆོས་བཟང་གིས་སྒྱུར་ཞུས་བྱས)