དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཤན་རྩའི་ས་བབ་མཐོ་ཚད་སྨི་4700ཟིན་པའི་འབྲོག་ཁུལ་དུ་ཤིང་འབྲས་དང་སྔོ་ཚལ་སོས་པ་ཡོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-01-15

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚའོ་པིན་དང་། ཅང་ཧྥན། བསྟན་འཛིན་ཉི་མ་ཆོས་གྲུབ།

    འདི་ནི་ཤན་རྩ་རྫོང་མར་ཡོ་ཤང་སྤོད་དཀར་གྲོང་ཚོ་བཞི་པའི་གྲོང་མི་ཚེ་རིང་ཆོས་དར(གཡོན་གྱི་དང་པོ)ཁྱིམ་དུ་ཁ་ལག་ཟ་བཞིན་ཡོད་པ་དང་། གསོལ་ལྕོག་སྟེང་གི་སྔོ་ཚལ་དང་ཤིང་འབྲས་སོས་པ་དག་གྲོང་ཚོའི་ཐག་རིང་ཤང་གྲོང་ལ་སྔོ་ཚལ་དང་ཤིང་འབྲས་སྡེབ་སྐྱེལ་ཚོད་ལྟའི་རྣམ་གྲངས་ཀྱི་ཐད་ཚོང་ཁང་ནས་ཉོས་པ་ཤ་སྟག་ཡིན་པ།

    འདི་ནི་ཤན་རྩ་རྫོང་མར་ཡོ་ཤང་སྤོད་དཀར་གྲོང་ཚོ་བཞི་པའི་ཐག་རིང་ཤང་གྲོང་ལ་སྔོ་ཚལ་དང་ཤིང་འབྲས་སྡེབ་སྐྱེལ་ཚོད་ལྟའི་རྣམ་གྲངས་ཀྱི་ཐད་ཚོང་ཁང་དུ་ཚོང་པ་ཤེས་རབ་རྒྱ་མཚོས(གཡས་ཀྱི་དང་པོ)གྲོང་མིར་སྔོ་ཚལ་རྒྱ་མར་འགྱོག་བཞིན་པ།

    འདི་ནི་ཤན་རྩ་རྫོང་མར་ཡོ་ཤང་སྤོད་དཀར་གྲོང་ཚོ་བཞི་པའི་ཐག་རིང་ཤང་གྲོང་ལ་སྔོ་ཚལ་དང་ཤིང་འབྲས་སྡེབ་སྐྱེལ་ཚོད་ལྟའི་རྣམ་གྲངས་ཀྱི་ཐད་ཚོང་ས་ཚིགས་ཀྱི་ཚོང་པ་ཤེས་རབ་རྒྱ་མཚོས་མཁོ་ཚོང་མཉམ་ལས་ཁང་ནས་སྐྱེལ་བའི་རྒུན་འབྲུམ་སོས་པ་ཚོང་སྒྲོམ་དུ་སྒྲིག་བཞིན་པ།

     འདི་ནི་ཤན་རྩ་རྫོང་མཁོ་ཚོང་མཉམ་ལས་ཁང་གིས་ཟི་ལིང་ནས་ཉོས་པའི་སྔོ་ཚལ་དང་ཤིང་འབྲས་ཏུན་50བླུགས་པའི་རླངས་འཁོར་གདང་ལ་རྒྱག་བཞིན་པ།

    1982ལོར་སྐྱེས་པའི་བོད་བྱང་ཐང་གི་འབྲོག་པ་ཨོ་བའི་དྲན་འཆར་ནང་ཆུང་དུས་ལོ་གཉིས་ལ་ཀུ་ཤུ་རྡོག་གཅིག་ལས་རག་གི་མེད་པ་དང་། སྔོ་ཚལ་བཟའ་རྒྱུ་ནི་དེ་བས་སྤྲོས་བྲལ་རེད།

    ད་ཆ་ཁོ་བོའི་ཁྱིམ་གྱི་སྒོ་ཁར་ཡོད་པའི་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་ས་ཚིགས་ནས་ལོ་ལྟར་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་བཅུ་གྲངས་མཁོ་འདོན་བྱེད་ཀྱི་ཡོད་པས། མི་རབས་ནས་མི་རབས་བར་ཇ་འཐུང་ཤ་བཟས་བྱེད་པའི་འབྲོག་པ་ཚོར་ཡང་རྒྱུན་དུ་ཤིང་འབྲས་དང་སྔོ་ཚལ་ཟ་རྒྱུ་བྱུང་ནས་བཟའ་བཅའི་གྲུབ་ཆ་སྔར་བས་ལུགས་མཐུན་དུ་གྱུར་ཡོད། ཨོ་བས“ཤིང་འབྲས་ཧོ་ལུང་ཀོ་དང་། ཁམ་བུ་སྨི་ཧོའུ་ཐའོ། ཁྲེ་ལི་ཙེ་བཅས་ཀྱང་བཟའ་རྒྱུ་ཡོད་པ་མ་ཟད། ད་དུང་ལྟོ་ཐུན་རེར་སྔོ་ཚལ་སྣ་རེ་ཡིན་ཅིག་ཟ་གི་ཡོད”ཅེས་བརྗོད།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ནི་བོད་ལྗོངས་བྱང་རྒྱུད་ཀྱི་ས་མཐོར་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཙམ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་2.5ལྷག་ཙམ་ཟིན་གྱི་ཡོད། མི་འབོར་ཁྲི་2.3ཙམ་ལས་མེད་པ་དང་། དེའི་ནང་འབྲོག་པ་མི་འབོར་ཁྲི་2ལྷག་ཙམ་ཡོད།

    མང་ཚོགས་ལ་ཁྱིམ་གྱི་སྒོ་ཁ་ནས་སོས་ལ་གོང་ཁེ་བའི་ཤིང་འབྲས་དང་སྔོ་ཚལ་ཟ་ཐུབ་ཆེད། 2019ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འདི་གར“ཐག་རིང་ཤང་གྲོང་ལ་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་གྱི་ཚོད་ལྟའི་རྣམ་གྲངས”ལག་བསྟར་བྱས་ཤིང་། ཤན་རྩ་རྫོང་གི་མཁོ་ཚོང་མཉམ་ལས་ཁང་ལག་བསྟར་བྱེད་པོར་བྱས་ནས། མ་དངུལ་སྒོར་ཁྲི་300ཙམ་བཏང་སྟེ་སོས་ཉར་གསོག་འཇོག་མཛོད་1བསྐྲུན་པ་དང་། རྫོང་དང་། ཤང་གྲོང་། གྲོང་ཚོ་བཅས་རིམ་པའི་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་ཐད་ཚོང་ས་ཚིགས་16ལ་སྒྱུར་བཀོད་བྱས་པ། འཁྱག་བཟོའི་སྒྲིག་ཆས་དང་སྐྱེལ་འདྲེན་རླངས་འཁོར་སོགས་བཀོད་སྒྲིག་བྱས་ཡོད། ཁོང་ཚོས་བར་ཐག་སྤྱི་ལེ་600ཙམ་ཆོད་པའི་ལྷ་ས་དང་ཐ་ན་སྤྱི་ལེ་2000ཆོད་པའི་ཟི་ལིང་ནས་ཟོག་ཁུངས་བཙལ་ཏེ་རྫོང་གྲོང་དུ་དབོར་རྗེས་ཤང་དང་གྲོང་ཚོར་སྡེབ་སྐྱེལ་བྱེད་ཀྱི་ཡོད།

    འདས་ཟིན་པའི་ལོ་གཉིས་ནང་ཐད་ཚོང་ས་ཚིགས་མང་དུ་བཏང་བས་མིག་སྔར་རྫོང་ཡོངས་སུ་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་ས་ཚིགས་44ཡོད་པ་དང་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་69%ཟིན་པ་དང་། དེའི་ནང་ཐག་རིང་ཤོས་ནི་ཉི་ཁྲ་གྲོང་ཚོ་བཅུ་པའི་ཐད་ཚོང་ས་ཚིགས་ཡིན་པ་དང་དེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་240ཆོད་ཡོད།

    “རྫོང་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་7བཏང་ནས་རྒྱུན་གཏན་གྱི་གཉེར་སྐྱོང་དང་དེ་བཞིན་རིམ་ཁག་ཐད་ཚོང་ས་ཚིགས་ཀྱི་གཉེར་སྐྱོང་པ་རྫོང་གྲོང་དུ་དངོས་ཟོག་འཐེན་པར་བསྐྱོད་པའི་སྣུམ་རིན་གྱི་ཁ་གསབ་ཏུ་སྤྱད་དེ། ཐད་ཚོང་ས་ཚིགས་དེ་དག་གི་ཤིང་འབྲས་དང་སྔོ་ཚལ་གྱི་རིན་གོང་རྫོང་དང་གཅིག་མཚུངས་ཡོང་བར་འགན་ལེན་བྱེད་ཀྱི་ཡོད”ཅེས་ཤན་རྩ་རྫོང་དཔལ་འབྱོར་ཆ་འཕྲིན(ཚོང་དོན)ཅུས་ཀྱི་ཅུས་ཀྲང་གཞོན་པ་མཱ་ཡུས་ལུང་གིས་ངོ་སྤྲོད་བྱས།

    ལྷ་སའི་གྲོང་འདབས་ཀྱི་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་ཤིག་ཏུ་ཤན་རྩ་རྫོང་མཁོ་ཚོང་མཉམ་ལས་ཁང་ཕྱོགས་བསྡུས་གཞུང་དོན་ཁང་གི་ཀྲུའུ་རེན་དོན་གྲུབ་ཀྱིས་ལྗིད་ཐེག་རླངས་འཁོར་ཐོག་དངོས་ཟོག་རྩིས་བཤེར་བྱེད་བཞིན་ཡོད་ཅིང་། སུར་པན་དང་། ཞོག་ཁོག ལོ་སྒོར་པད་ཚལ། ཚ་ལུ་མ། ཀུ་ཤུ་སོགས་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་20ལྷག་ཙམ་ཕུད། ད་དུང་ཐུམ་སྒྲིལ་བརྒྱབ་པའི་བྱ་ཤ་དང་ཕག་ཤ་དང་། དེ་བཞིན་ཞོར་ཟས་སྣ་ཚོགས་དང་མཁོ་ཆས་མང་པོ་ཡོད།

    དོན་གྲུབ་ཀྱིས། ལྗིད་ཐེག་རླངས་འཁོར་རེར་དངོས་ཟོག་ཏུན་20ཙམ་བླུགས་ཡོད་པ་དང་། དགོང་ལྟར་ཆུ་ཚོད་བདུན་པ་བརྒྱད་པར་ལྷ་ས་ནས་ཐོན་པ་དང་། ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་བརྒྱད་པ་དགུ་པར་ཤན་རྩ་རྫོང་དུ་འབྱོར་གྱི་ཡོད། ཚོང་རྒྱུག་པའི་ནམ་དུས་སུ་ཉིན་གཅིག་ལ་རླངས་འཁོར་ཐེངས་རེ་གཏོང་བ་དང་དེ་མིན་ཉིན་གཉིས་ལ་རླངས་འཁོར་ཐེངས་རེ་གཏོང་གི་ཡོད་ཅེས་བརྗོད། ལྷ་ས་ཁུལ་གྱི་ཤིང་འབྲས་དང་སྔོ་ཚལ་མཁོ་སྤྲོད་ཀྱི་འགན་འཁུར་བ་ཁོང་རྟག་ཏུ་ས་ཆ་གཉིས་སུ་འགྲོ་འོང་ཐེངས་མང་བྱེད་དགོས་ཀྱི་ཡོད།

    མ་ཡུས་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས་ལྷ་ས་ནས་ཤན་རྩ་རྫོང་བར་གྱི་དེ་སྔའི་ཉིན་གཉིས་ཀྱི་ལམ་ཐག་ད་ཆ་ཆུ་ཚོད་12བར་ཐུང་དུ་ཕྱིན་ཡོད། ཟི་ལིང་ནས་ཤན་རྩ་རྫོང་བར་ལ་ཡང་ཉིན་གཉིས་གསུམ་ལས་འགོར་གྱི་མེད་པས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་དངོས་ཟོག་གི་དགོས་མཁོ་ཡག་པོ་སྐོང་ཐུབ་ཀྱི་ཡོད།

    ཤན་རྩ་རྫོང་མཁོ་འཚོང་མཉམ་ལས་ཁང་གི་ཀྲུའུ་རེན་ཐུབ་བསྟན་ཤེས་རབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་ཐབས་ལམ་འདིར་བརྟེན་ནས་ཤིང་འབྲས་དང་སྔོ་ཚལ་སོས་པ་ཏུན་217.9ཤན་རྩ་རྫོང་གི་མི་སེར་གྱི་ཁྱིམ་དུ་དབོར་ཡོད་པ་དེས་རྫོང་ཡོངས་ཀྱི་ཤིང་འབྲས་དང་སྔོ་ཚལ་ཟད་གྲོན་གྱི་བཅུ་ཆ་གསུམ་ཟིན་ཏེ། ད་ཡོད་ཀྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་ཁེར་རྐྱང་སིལ་ཚོང་མཁན་ལ་ཁ་གསབ་ཡག་པོ་ཐུབ་པ་མ་ཟད། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་དུ་ནུས་པ་དེ་བས་ཆེ་བ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།