དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་རྒྱ་ཤིང་གྲོང་ཚོར་བདེ་སྐྱིད་ལམ་དུ་དུད་ཚང་གཅིག་ཀྱང་ལུས་མེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ལིའུ་ཝུན་པོ་དང་ཀོན་མིང་ཧུའེ།   |     སྤེལ་དུས།  2024-01-15

    རྒྱ་ཤིང་གྲོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་ལུང་ཕུག་གྲོང་ཚོའི་རྒྱ་ཤིང་ཚོགས་ཆུང་ཡིན་པ་དང་། དེ་སྐད་གྲགས་ལྡན་པའི་ཁ་བ་དཀར་པོའི་ནུབ་འདབས་སུ་གནས་ཡོད། འགྲོ་ལམ་ཉེན་ཁ་ཆེ་ཡང་ཡུལ་ལྗོངས་མཛེས་པའི་དབང་གིས་ཉེ་བའི་ལོ་ཤས་རིང་རྒྱ་ཤིང་གྲོང་ཚོའི་སྐད་གྲགས་རིམ་གྱིས་ཆེ་རུ་ཕྱིན་ནས་བྱེས་བགྲོད་ལ་དགའ་པོ་ཡོད་མཁན་མང་པོ་གནས་དེར་ཡོང་གི་ཡོད་པ་རེད།

    གྲོང་ཚོའི་ནང་གི་ལོ་75ལ་སླེབས་པའི་བགྲེས་སོང་ཟླ་བ་རྒྱལ་མཚན་གྱི་དྲན་གསལ་ལ་ལོ་20ཡི་གོང་ཁོང་རྟ་ལ་བཞོན་ནས་ཤང་དུ་སྐྱོད་སྐབས་ལམ་ཐག་སྤྱི་ལེ་50ཙམ་ལ་ཉིན་གང་འགོར་གྱི་ཡོད་པ་རེད།

    2016ལོར་ཁྱོན་ལམ་ཐག་སྤྱི་ལེ་30ལྷག་ཙམ་དང་མ་དངུལ་སྒོར་ཁྲི་1100ལྷག་ཙམ་བཏང་བའི་གྲོང་ཚོའི་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། ལམ་དེའི་ཞེང་ཚད་ལ་སྨི་3.5ལས་མེད་ཀྱང་དེ་སྔ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། “སྔོན་ཆད་རི་སྟེང་ནས་དབྱར་རྩྭ་དགུན་འབུ་དང་བེ་ཤ་བཏུས་པ་དག་བཙོངས་ཏེ་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད་པས། ཕྱུག་པོ་དེ་ཙམ་མེད་པ་རེད། རྗེས་སུ་ཡུལ་སྐོར་བ་མང་དུ་ཕྱིན་ནས་ཁྱིམ་དུད་ཀུན་གྱིས་དམངས་སྲོལ་གནས་ཚང་དང་ཟ་ཁང་གཉེར་ཞིང་། ལོ་རེའི་ཟླ་5པ་དང་6པར་ཡུལ་སྐོར་བ་མང་བའི་དུས་སུ་སྡོད་ས་རག་གི་མེད”ཅེས་ཟླ་བ་རྒྱལ་མཚན་གྱིས་བཤད།

    སྲིད་གཞུང་གི་རོགས་རམ་འོག་གྲོང་མིས་འགྱིག་ཤོག་དྲོད་ཁང་བརྒྱབ་ནས་པད་ཚལ་དང་། ལ་ཕུག ཙོང་སོགས་འདེབས་ཀྱི་ཡོད། “ད་ཆ་དགུན་ཁའང་སྔོ་ཚལ་སོས་པ་བཟའ་རྒྱུ་ཡོད་པ་མ་ཟད། འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། གྲོང་མི་ལ་ལས་འགྱིག་ཤོག་དྲོད་ཁང་ནང་རླམ་རྩྭ་ཕོ་སུལ་ཡང་འདེབས་ཀྱི་ཡོད”ཅེས་ཟླ་བ་རྒྱལ་མཚན་གྱིས་བཤད།

    གཞན་ཡང་། དྲ་ཐོག་སློབ་ཚན་གྲོལ་མ་ཐག་པའི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་མ་རིག་འཛིན་རྡོ་རྗེས“དེ་སྔ་གྲོང་ཚོར་དྲ་རྒྱ་མེད་པ་དང་སློབ་གྲོགས་ཁག་གཅིག་གུང་གསེང་བཏང་རུང་ཁྱིམ་དུ་ལོག་འདོད་བྱེད་ཀྱི་མེད། ད་ཆ་ཀྲུང་གོའི་སྒུལ་བདེ་དང་ཀྲུང་གོ་གློག་འཕྲིན་གྱི་བརྡ་རྟགས་མཐོ་ལྕོག་ཉེ་འགྲམ་དུ་བཙུགས་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་གསར་འགོད་པར་བཤད།

    ཁ་བ་དཀར་པོའི་འདབས་ཀྱི་རྒྱ་ཤིང་གྲོང་ཚོར་དུད་ཁྱིམ་6ལས་མེད་ནའང་བདེ་སྐྱིད་ལམ་དུ་དུད་ཚང་གཅིག་ཀྱང་ལུས་མེད་ཅིང་། ཁོང་ཚོས་ལས་ལ་བརྩོན་པའི་ལག་ཟུང་གིས་རང་ཉིད་ལ་དབང་བའི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་རྩོམ་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།