དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞིང་ས་གཤིན་པོར་དཀའ་བ་སྤྱད། འབྲུ་རིགས་སྣ་ལྔས་བང་མཛོད་བཀང་།

    —— རང་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-15

    བོད་འདི་ཉིད་ས་མཐོར་གནས་ཤིང་ས་རྒྱུ་ཞན་པས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབབ་མང་དུ་ཇི་ལྟར་གཏོང་དགོས་པ་ནི་དོན་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས“འཛུགས་སྐྲུན་ལ་བརྟེན་ནས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི”བསམ་ཕྱོགས་མཐའ་འཁྱོངས་ཀྱིས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་གཙོ་གནད་ས་ཁོངས་སུ་བརྩིས་པ་མ་ཟད། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པ་དེ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་འགན་འཁྲི་གཙང་ལེན་གྱི་རྣམ་གྲངས་གལ་ཆེན་ཞིག་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཙོ་གནད་ཐོག་སྒྲུབ་སྐུལ་བྱེད་པའི་དོན་གནད་དུ་བརྩིས་ཏེ་ས་ཞིང་གི་སྤུས་ཚད་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཐོན་འབབ་སྔར་བས་ཡག་པོ་ཡོང་བའི་བརྩོན་ལེན་བྱས་ཡོད།

    ཆུ་གྲོན་ཆུང་དང་ཞིང་ཆུ་གཏོང་བའི་ལེ་ལག་ཚང་བའི་སྒྲིག་ཆས་དང་དེ་བཞིན་ཞིང་ནང་གི་མདོང་ལམ་དྲ་བ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། རང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པ་་དེ་ས་མཐོའི་རི་ཀླུང་དང་ལུང་ཤུར་ལ་ཞིང་ཁ་ཡུག་འབྲེལ་དང་། ཆུ་ཡུར་འབྲེལ་བ། འགྲོ་ལམ་འབྲེལ་བ། ཐན་པ་བསྟན་པའི་སྐབས་ཆུ་འདྲེན་ཐུབ་པ། ཞོད་སྐྱོན་སེལ་ཐུབ་པ་བཅས་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་པའི་རྣམ་པ་ཞིག་མངོན་འགྱུར་ཐུབ་པའི་བརྩོན་ལེན་བྱས་ཡོད། མིག་སྔར། རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་426བསྐྲུན་པ་དེས་རྨོ་ཞིང་སྤྱིའི་རྒྱ་ཁྱོན་གྱི་64%བཟུང་བ་དང་། 2025ལོར་སླེབས་སྐབས་འཛུགས་སྐྲུན་ལས་འགན་མུའུ་ཁྲི་446ཡི་95.52%བཟུང་ནས་ལོ་བསྟུད་མར་འབྲུ་རིགས་ཐོན་འཕར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚད་གཞི་མཐོ་བའི་ས་ཞིང་གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱས་པ་དེས་ཞིང་ལས་ཀྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་ཁྱབ་གདལ་བེད་སྤྱོད་བྱེད་མགྱོགས་སུ་ཕྱིན་ནས་ལྗོངས་ཡོངས་སུ་ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་ཚད་90%ལས་བརྒལ་བ་དང་། ཞིང་ལས་སྐྱེ་དངོས་གཙོ་བོའི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་ལ་འགྱུར་ཚད་70%ཙམ་ཟིན་པ། ཞིང་ལས་ཐོན་སྐྱེད་ལ་ཞིང་སྨན་དང་རྫས་ལུད་གྲོན་ཆུང་ཐུབ་ཚད་10%ཟིན་པར་སྐུལ་འདེད་བཏང་བ། ས་ཁོངས་ཀྱི་ས་ཞིང་སྤུས་ཚད་རིམ་པ་གཅིག་མཐོ་རུ་ཕྱིན་པ། མུའུ་རེར་ཆ་སྙོམས་ཐོན་འཕར་རྒྱ་མ་50ཙམ་བྱུང་བ་བཅས་ལས་འབྲུ་རིགས་ཐོན་འཕར་དང་བརྟན་པོ་ཡོང་ཚད་མུ་མཐུད་བརྟན་དུ་ཕྱིན་ཡོད།

    2023ལོར་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རྣམ་གྲངས་ལག་བསྟར་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)ཁག་གིས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་འགྲོ་བར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་སྔ་ཙམ་ལེགས་སྒྲུབ་དང་དེར་ཕན་འབྲས་སྔ་ཙམ་ཐོན་པའི་འགན་ལེན་བྱས་ཡོད།

    ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ཀྱིས་ཞིང་ཁའི་རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་བཏང་བ་དང་རིམ་སྤོར་བྱས་པས། “ཞིང་ཁ་གཅིག་སྡུད་ཡུག་འབྲེལ་དང་ས་རྒྱུའི་སྤུས་ཚད་མཐོར་གཏོང”གི་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱུང་ནས་གྲངས་གཞི་ཅན་གྱི་ཚད་གཞི་མཐོ་བའི་ས་ཞིང་ཧུར་ཐག་བསྐྲུན་ཡོད། ཆབ་མདོ་དང་ཉིང་ཁྲིས“ཞིང་ཁ་ཆུང་བ་ཆེ་རུ་བཏང་བ་དང་། ཐུང་བ་རིང་དུ་བཏང་བ། གཟར་བ་ཁོད་སྙོམས་པ། ཀྱག་ཀྱོག་སྲོང་བ”སོགས་ཀྱི་བྱེད་ཐབས་སྤྱད་ནས་དེ་སྔའི་ས་ཞིང་ཐར་ཐོར་དུ་གནས་པ་དང་། མཐོ་དམན་མི་མཉམ་པ་དེ་བལྟོས་བཅས་ཀྱིས་གཅིག་སྡུད་ཡུག་འབྲེལ་དང་རྒྱ་ཁྱོན་དོ་སྙོམས་ཀྱི་ཞིང་སར་འགྱུར་བར་བྱས་ཡོད།

    ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྲིད་ཇུས་ཀྱིས་འགན་སྲུང་བྱས་ཡོད། མིག་སྔར་རིམ་རྩིས་བྱས་ན་རང་ལྗོངས་ཀྱིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལམ་ལུགས་རང་བཞིན་གྱི་ཡིག་ཆ་10ལྷག་ཙམ་བཀྲམ་ནས་2019ལོ་ནས་བཟུང་གཏན་འཁེལ་བྱས་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་225ལ་གྲལ་བཤེར་དང་། དེ་བཞིན་གནད་དོན་ཡོད་པའི་རྣམ་གྲངས་93ལ་དག་ཐེར་ལས་དོན་སྤེལ་ཡོད། ཀྲུང་དབྱང་གིས་རྒྱབ་སྐྱོར་ཤུགས་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་འབྲེལ་མཐུད་བྱས་པ་བརྒྱུད། བོད་ལ་ཧེ་བག་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་བརྩོན་ལེན་ཐུབ་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་མུའུ་རེར་ཆ་སྙོམས་མ་འཇོག་བྱེད་ཚད་སྒོར་3000ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།

    དགུན་དུས་སུ་གཞིས་རྩེའི་བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ། པ་སྣམ་སོགས་རྫོང་དང་ཆུས་11གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་འཕྲུལ་ཆས་ཆེ་གྲས་མང་པོ་ལས་ལ་བྲེལ་བཞིན་ཡོད་པ་མཐོང་རྒྱུ་ཡོད། 2023ལོར་གཞིས་རྩེའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་འགན་ནི་མུའུ་ཁྲི་25.93ཡིན། “2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ས་ཞིང་སྒྱུར་བཀོད་རིམ་སྤོར་ལ་གཙོ་གནད་དུ་སྐུལ་འདེད་བཏང་སྟེ་གང་ཆད་པ་དེ་གསབ་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ས་ཞིང་མུའུ་ཁྲི་16.97གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཞིང་ལས་ཁོའོ་ཡི་ཁོའོ་ཀྲང་ཐང་ཁྲང་ཧྲེང་གིས་ངོ་སྤྲོད་བྱས།

    2023ལོར་རང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་དེ་གྲོང་ཁྱེར་6གི་རྫོང(ཆུས)42ལ་ཁྱབ་ཡོད། 2023ལོའི་ཟླ་བཅུ་པའི་ཟླ་མཇུག་བར་2023ལོའི་ལོ་འཁོར་གྱི་རྣམ་གྲངས་སྐྲུན་འགོ་འཛུགས་ཚད་100%ཟིན་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་འཕེལ་རིམ་དེ་རང་ལྗོངས་ཀྱི་ལོ་རིམ་བྱུང་གི་ཡག་ཤོས་སུ་གྱུར་ཡོད། 2023ལོའི་ཟླ་བརྒྱད་པར་ཞིང་ལས་དང་གྲོང་གསེབ་པུས་གཏན་འབེབས་བྱས་པའི་2023ལོའི་ལོ་འཁོར་གྱི་གསར་སྐྲུན་ལས་འགན་དེ་རང་ལྗོངས་ཀྱིས་དུས་རིམ་བཞིན་བཀོད་སྒྲིག་བྱས་པར་བརྟེན་ཞིང་ལས་དང་གྲོང་གསེབ་པུས་བསྔགས་བརྗོད་བྱས་ཡོད།

    ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་པས། སྲོལ་རྒྱུན་གྱི་ས་ཞིང་འདེབས་སྟངས་ལ་འགྱུར་ལྡོག་བྱུང་ནས་ཞིང་པའི་ངལ་རྩོལ་གྱི་ལས་འབོར་དམའ་རུ་སོང་ཡོད། “ད་ཆ་ས་རྒྱུ་གཤིན་པ་དང་ཞིང་ཆུ་འདྲེན་རྒྱུ་སྟབས་བདེ་རུ་སོང་བ་མ་ཟད། མི་གཞན་གཡོག་བྱེད་བྱེད་དུ་བཅུག་རྗེས་ཁྱིམ་གྱི་ཞིང་ཁ་ཉིན་གཅིག་གཉིས་ནང་བཏབ་ཚར་གྱི་ཡོད་ལ། རང་ཉིད་དངོས་སུ་འགྲོ་མི་དགོས་པས་མི་དང་དུས་ཚོད་གྲོན་ཆུང་ཐུབ་སྟེ་བློ་བདེ་པོའི་ངང་ཕྱིར་གླ་པ་རྒྱུག་པར་འགྲོ་ཆོག”ཅེས་གཞིས་རྩེ་ས་སྐྱ་རྫོང་བྲག་མཇུག་ཤང་གི་བསོད་ནམས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།