མི་རིགས་ཀྱི་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་དགོས།
མི་རིགས་ཀྱི་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བར་སྟངས་འཛིན་ཡང་དག་བྱེད་པ་ནི་དུས་རབས་གསར་པར་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། མི་རིགས་ཀྱི་ཐུན་མོང་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་བསྟུན་མཁས་བྱས་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་ཐུབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ།
མི་རིགས་ཀྱི་ཐུན་མོང་རང་བཞིན་གྱིས་ཀྲུང་ཧྭ་མི་རིགས་གཞོམ་ཞིག་མེད་པ་དང་ཉམས་པ་མེད་པ་གཏན་འཁེལ་བྱེད་ཀྱི་ཡོད། ཡུན་རིང་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་ཀྲུང་ཧྭའི་མི་རིགས་ཁག་གིས་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ས་ཆ་རྒྱ་སྐྱེད་དང་། ཡུན་རིང་གི་ལོ་རྒྱུས་གསར་རྩོམ། འོད་སྟོང་འཕྲོ་བའི་རིག་གནས་གསར་གཏོད། མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་སྐྱེད་སྲིང་བཅས་བྱས་ཡོད། འདི་ནི་མི་རིགས་ཁག་དབར་ཕན་ཚུན་མྱོང་རོལ་དང་དཔྱད་གཞིར་འཛིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་རེད། ཀྲུང་ཧྭ་མི་རིགས་ཆགས་ནས་སྲ་བརྟན་དུ་ཕྱིན་པ་ནི་ལོ་ངོ་སྟོང་ཕྲག་གི་མི་རིགས་མཉམ་འདྲེས་བྱེད་རིང་ཀྲུང་ཧྭའི་བུ་ཕྲུག་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་མོས་སེམས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་རེད།
རང་རྒྱལ་གྱི་མངའ་ཁོངས་ས་རྒྱ་ཆེ་ལ་སྐྱེ་ཁམས་སྣ་མང་དང་མི་རིགས་མང་པོ་གཅིག་ཏུ་འདུས་ཡོད། ལྷོ་ནུབ་མཐའ་མཚམས་དང་། བྱང་ཤར་མཐའ་མཚམས། ནུབ་བྱང་མཐའ་མཚམས་བཅས་ལ་སྤྱི་ཡོངས་ནས་ཁྱད་པར་རང་བཞིན་མངོན་གསལ་དོད་པོ་ཡོད་པ་མ་ཟད། ས་ཁོངས་ཁག་གི་ནང་ཁུལ་དང་མི་རིགས་ཁག་དང་ས་ཁུལ་ཁག་ལའང་ཁྱད་པར་རང་བཞིན་ཅུང་མངོན་གསལ་དོད་པོ་ཡོད། འཛམ་གླིང་ཐོག་ཏུ་ཡུལ་གོམས་གཤིས་ལུགས་གཅིག་པ་གཅིག་རྐྱང་གི་མི་རིགས་མེད་པ་ནི་འཛམ་གླིང་ཐོག་གཅིག་པ་གཅིག་རྐྱང་གི་ལོ་མ་མེད་པ་དང་གཅིག་པ་རེད། བོད་རིགས་ཀྱིས་རྩམ་པ་དང་། མར། ཚགས་ཤ། ལུག་ཤ་བཅས་ཟ་བ་དང་། མཚོ་འགྲམ་མི་རིགས་ཀྱིས་མཚོ་ཟས་ཟ་བ། ཀྲུང་ཡོན་ས་ཁུལ་གྱི་མི་རིགས་ཀྱིས་འབྲས་དང་གྲོ་ཞིབ་ཟ་གི་ཡོད། མི་རིགས་ཁག་དབར་ཁྱད་པར་རང་བཞིན་ཡོད་པའི་དབང་གིས་གཞི་ནས་སྣ་མང་ཕུན་སུམ་ཚོགས་ཤིང་འོད་སྟོང་འཕྲོ་ལ་ཕྱོགས་མང་གཞི་གཅིག་གི་ཀྲུང་ཧྭའི་ཤེས་དཔལ་བཏོད་ཡོད།
ད་ཆ་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་ཟ་མཉམ་འཐུང་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་སྒྲུབ། མཉམ་དུ་སྐྱིད་པོ་བཅས་བྱས་ནས་ཕན་ཚུན་ལྟ་སྐྱོང་བྱེད་པ་དང་སྤུན་ཉེ་ལྟར་གྱི་བརྩེ་སེམས་ཟབ་མོ་ཆགས་ཡོད། རང་གི་རྒྱན་གྱིས་རང་ཉིད་བརྒྱན། རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས། རྒྱལ་ཁབ་ཀྱི་ས་ཆ་ཁ་འཕྲལ་དུ་མི་རུང་བ་དང་། རྒྱལ་ཁབ་ཟང་ཟིང་དུ་གཏོང་མི་རུང་བ། མི་རིགས་ཁ་ཐོར་དུ་གཏོང་མི་རུང་བ། ཤེས་དཔལ་གྱི་རྒྱུན་ཆད་མི་རུང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་མི་རིགས་ཁག་གི་ཁྲག་རྒྱུན་དུ་ཟབ་མོར་འདྲེས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་ཧྭའི་བུ་ཕྲུག་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ངར་ཤུགས་ཆེར་སྐྱེད་བྱས་ཚེ་ཀྲུང་ཧྭ་མི་རིགས་ཀྱི་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་མུ་མཐུད་གཏོད་ཐུབ་ངེས་ཡིན།