དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-15

    “རྒྱང་ལམ་གསར་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ངེས་པར་དུ་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་མེད་པ་བཟོ་བར་མུ་མཐུད་ཤུགས་རྒྱག་དགོས་པ་དང་འབྲེལ་གཏིང་ཟབ་ངང་སྐུལ་འདེད་གཏོང་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས་རྒྱང་ལམ་གསར་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱིའི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འཐབ་ཇུས་བཀོད་སྒྲིག་གནང་བ་དང་འབྲེལ། “ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས་གནད་སྨིན་ཤུགས་འདོན་དང་རྒྱུན་མཐུད་ཤུགས་བརྒྱབ་སྟེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས”ཞེས་ནན་བཤད་གནང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་ཀྱང་། དུང་ཕྱུར་བཅུ་བཞིའི་འདུན་པ་ཆུད་ཟོས་སུ་མི་གཏོང་བའི”ཆབ་སྲིད་ཀྱི་འགན་འཁྲི་དང་དཔའ་བོས་ལག་ངར་གཅོད་པ་དང་རུས་གཞོག་དུག་སེལ་གྱི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཡོད། དུས་རབས་གསར་པའི་ལོ་བཅུའི་རིང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་བརྟན་དུ་ཕྱིན་ཡོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས། རུལ་སུངས་ལ་ངོ་རྒོལ་བྱེད་པ་གཏན་ནས་ལྡོག་ཏུ་མེད་པ་དང་། ལྷོད་གཡེང་མི་གཏོང་བ། སྙིང་རྗེ་མི་བྱེད་པ་བཅས་བྱས་ཏེ་ནམ་ཡང་གདོང་མཆོང་གི་དུང་བརྡ་ངེས་པར་དུ་གཏོང་དགོས། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་ཚུལ་གསར་པ་དང་སྒུལ་ཕྱོགས་གསར་པར་ངོས་འཛིན་གསལ་པོ་དང་། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་ལ་ངོས་འཛིན་གསལ་པོ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཏིང་ཚད་དང་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ནད་བསྟུན་སྨན་སྤྱོད་དང་། གནད་སྨིན་བཅོས་སྐྱོང་། ཐབས་མང་མཉམ་སྤྱོད་བཅས་བྱས་ཏེ། ཡང་ཡང་ཐོན་པའི་གནད་དོན་རྙིང་པ་རིམ་བཞིན་ཉུང་དུ་འགྲོ་བ་དང་གསར་དུ་ཐོན་པའི་གནད་དོན་མི་མཆེད་པ་བྱས་ནས་རུལ་སུངས་འགོག་ཟོན་དང་བཅོས་སྐྱོང་བྱེད་པའི་གནད་དོན་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

    ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལས་དོན་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ཐུབ་པ་མ་ཟད། ཏང་གི་རང་ངོས་གསར་བརྗེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ། རིམ་ཁག་ཏང་ཨུད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་རུལ་སུངས་ཀྱི་གྱོད་གཞི་ཞིབ་གཅོད་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། འཐབ་ཕོད་པའི་རྣམ་འགྱུར་ཐོག་ནས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆེད་འགན་འཁུར་མཁན་ལས་ཁུངས་ཡིན་པའི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་རང་འགུལ་ངང་འགན་འཁྲི་དེ་བས་འཁུར་བ་དང་། ཏང་ཨུད་ཀྱིས་རུལ་རྒོལ་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་ལ་གཞོགས་འདེགས་ནུས་ལྡན་བྱས་ནས་རུལ་རྒོལ་གྱི་སྤྱི་ཡོངས་སྟོབས་ཤུགས་བསྡུ་སྒྲིལ་བྱེད་དགོས། འགན་ནུས་སྡེ་ཚན་ཁག་གིས་ལས་ཕྱོད་ཆེ་ལ་མཉམ་ལས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས།

    རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པར། རྒྱང་ལམ་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་ཐུབ་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ལག་མཉམ་བཅོས་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་དགོས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་དང་། “ཡོད་པ་བདུན”གྱི་གནད་དོན་ལ་རྒྱུན་མཐུད་ནས་དམིགས་ཏེ་སྲིད་གཞུང་དང་ཚོང་པ་ངན་འབྲེལ་བྱེད་པའི་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་དེ་འགག་སྒྲོལ་དམག་འཐབ་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རུལ་སུངས་ཐོན་པ་དང་མཆེད་རྒྱུ་བཀག་འགོག་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་སུ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་གཏོང་བར་དམིགས་ཏེ་རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་མགྱོགས་མྱུར་ཐག་གཅོད་བྱེད་པར་ཤུགས་སྣོན་རྒྱག་དགོས། རུལ་རྒོལ་གྱི་ཁྲིམས་སྲོལ་དང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། “འགན་འཁུར་བ་གཙོ་བོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་དང་། ཁྲིམས་སྲོལ་ལམ་ལུགས་གཙོ་བོ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་དགོས། ལྐོག་རྔན་སྤྲོད་པའི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་རྒྱུན་དུ་ལས་བྱེད་པ་ལོག་ལམ་དུ་འཁྲིད་པ་དང་ཕྱོགས་གཅིག་ལ་གནོད་འཚེ་གཏོང་མཁན་གྱི་ལྐོག་རྔན་སྤྲོད་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་ལྐོག་རྔན་གང་ནས་བྱུང་མིན་བདའ་འདེད་དང་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་བཟོ་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བཅས་བྱེད་དགོས། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་སྤྱོད་གཙང་གོང་བཀུར་དང་རུལ་སུངས་བཀག་འགོག་གི་དར་སྲོལ་བཟང་པོ་གཏོད་དགོས།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་སེམས་ཐག་གཙང་བཅད་ཀྱིས་མེད་པར་བཟོ་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ཏེ་ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་བྱས་ཚེ། རང་རེའི་ཏང་གིས་རྒྱང་ལམ་གསར་པར་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་དང་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུ་བའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ་མ་ཟད། ཏང་ཡོངས་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་རང་འགུལ་ཐོབ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།