དགུན་དུས་བོད་དུ་ཡུལ་སྐོར་བྱས་ནས་ས་མཐོའི་ངོ་མཚར་མཛེས་ལྗོངས་མྱོང་རོལ་བྱེད་པ།
བོད་འདི་ཉིད་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཡིན་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། བོད་དུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་ཡུལ་སྐོར་ལ་ཡོང་མཁན་མང་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་2018ལོའི་ཟླ་2པ་ནས་བཟུང་རེས་སྐོར་དང་པོའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱ་དགའི་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་བཏོན་ཏེ། མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལས་དོན་ཁང་། གནམ་གྲུའི་པ་སེ། གསོལ་མགྲོན་ཁང་སོགས་ཐད་ནས་ཡུལ་སྐོར་བའི་འགྲོ་སོང་ཉུང་དུ་བཏང་སྟེ། ཡུལ་སྐོར་བ་དེ་བས་མང་བ་དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་པ་དང་རང་ལྗོངས་ཀྱི་ཡུལ་སྐོར་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རོགས་སྐྱོར་བྱས་པ་རེད།
དུས་ཡུན་རིང་པོའི་ནང་དམིགས་བསལ་གྱི་ས་གཤིས་དང་གནམ་གཤིས་སོགས་ཀྱིས་རྐྱེན་པས་བོད་ཀྱི་ཡུལ་སྐོར་བ་མང་བའི་དུས་དང་ཉུང་བའི་དུས་ཀྱི་དཔལ་འབྱོར་ཧེ་བག་མངོན་གསལ་དོད་པོ་ཡོད། དགུན་དུས་ཡུལ་སྐོར་གྱི་དཀའ་གནད་དེ་སེལ་བ་དང་། བོད་ཀྱི་དགུན་དུས་ཡུལ་སྐོར་དྲོ་སྐྱིད་ལྡན་པ། ཡུལ་སྐོར་བ་མང་བའི་དུས་སུ་དེ་བས་ཡག་ཐོག་ཡག་བརྩེགས་ཡོང་བ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་2018ལོར་རེས་སྐོར་དང་པོའི“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་པས་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ཞིང་། རེས་སྐོར་དང་པོའི“དགུན་དུས་བོད་དུ་ཡུལ་སྐོར”བྱེད་རིང་རིམ་རྩིས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་482.34ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་57.40བྱུང་སྟེ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་དཀའ་གནད་སེལ་ཐུབ་པ་བྱུང་ཡོད།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། རེས་སྐོར་དང་པོའི“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པར་བྱ་དགའི་ཁ་གསབ་དངུལ་སྒོར་ཁྲི་4930སྤྲད་པ་དང་། རེས་སྐོར་གཉིས་པའི“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པར་བྱ་དགའི་ཁ་གསབ་དངུལ་སྒོར་ཁྲི་1420སྤྲད་པ། རེས་སྐོར་གསུམ་པའི་ཁག་ཐེངས་དང་པོའི“དགུན་དུས་བོད་དུ་ཡུལ་སྐོར”བྱེད་པར་བྱ་དགའི་ཁ་གསབ་དངུལ་སྒོར་ཁྲི་1020སྤྲད་པ། རེས་སྐོར་གསུམ་པའི་ཁག་ཐེངས་གཉིས་པ་དང་དེ་བཞིན་རེས་སྐོར་བཞི་པ་དང་ལྔ་པའི“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོར་བྱ་དགའི་ཁ་གསབ་རོགས་དངུལ་སྤྲོད་པའི་ཞིབ་བཤེར་ལས་དོན་ཧུར་ཐག་སྤེལ་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་ཚུན། ལོ་ལྟར་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་བྱེད་པའི་ཡིད་དབང་བཀུག་ཅིང་། 2023ལོའི་བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་59.47ལ་སྣེ་ལེན་ཞུས་པ་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་དུས་ཆེན་དང་མི་རིགས་རིག་གནས་དེ་ཡུལ་སྐོར་བ་དགུན་དུས་བོད་དུ་ཡུལ་སྐོར་དུ་ཡོང་བའི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ཡོད།
དེ་དང་དུས་མཚུངས། “དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་རིང་སྐར་མ་རིམ་པ་གསུམ་པ(སྐར་མ་རིམ་པ་གསུམ་པ་ཚུད་པ)ཡན་གྱི་གསོལ་མགྲོན་ཁང་དང་དེ་བཞིན་རྒྱལ་སྤྱིའི་སྤུས་རྟགས་དང་སྤུས་ལེགས་མགྲོན་ཁང་གིས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལ་གཞིགས་ནས་རིན་པ་ལེན་གྱི་ཡོད་པ་རེད།
“ན་ནིང‘དགུན་དུས་བོད་དུ་ཡུལ་སྐོར’གྱི་བྱེད་སྒོ་སྤེལ་ཚུན། ང་ཚོའི་མགྲོན་ཁང་གི་རིན་གོང་དེ་ཡུལ་སྐོར་བ་མང་བའི་དུས་ཚིགས་ལས་སྒོར་300ཙམ་གྱིས་ཁེ་བ་ཡོད། 2023ལོའི་ཟླ་11པར་མགྲོན་ཁང་ནང་སྡོད་མཁན་70%ཙམ་ཟིན་གྱི་འདུག”ཅེས་ལྷ་ས་གསོལ་མགྲོན་ཁང་གི་ལས་དོན་པ་བསོད་ཚེས་གསར་འགོད་པར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཁང་ཁག་གིས“དགུན་དུས་བོད་དུ་ཡུལ་སྐོར”བྱེད་རིང་ཚོགས་སྒྲིག་རྣམ་པའི་ཡུལ་སྐོར་བ་1000ཡན་ལ་སྣེ་ལེན་ཞུས་ཚེ་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ་ཡིན་པ་དང་། མི་100(མི་100ཚུད་པ)ཡན་མང་དུ་ཕྱིན་ཚེ་བྱ་དགའ་སྒོར་ཁྲི་5སྣོན་རྒྱུ་དང་ཡུལ་སྐོར་ལས་དོན་ཁང་ལ་རིམ་རྩིས་བྱས་ན་བྱ་དགའ་སྒོར་ཁྲི་80མན་སྤྲོད་རྒྱུ་ཡིན་པ་རེད། གནམ་གྲུ་གཙང་གླས་བྱས་ནས་བོད་དུ་ཡུལ་སྐོར་བྱེད་པར་སྒྲིག་འཛུགས་བྱེད་མཁན་ཡུལ་སྐོར་ལས་དོན་ཁང་ལ་གནམ་གྲུ་རེར་མི་100(མི་100ཚུད་པ)ཡན་ཟིན་ཚེ་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ་དང་གནམ་གྲུ་རེར་མི་200(མི་200ཚུད་པ)ཡན་ཟིན་ཚེ་བྱ་དགའ་སྒོར་ཁྲི་15སྤྲོད་རྒྱུ་ཡིན་པ་རེད། དུས་གཏན་མེ་འཁོར་བསྡད་ནས་བོད་དུ་ཡུལ་སྐོར་བྱེད་པར་སྒྲིག་འཛུགས་བྱེད་མཁན་ཡུལ་སྐོར་ལས་དོན་ཁང་ལ་དུས་གཏན་མེ་འཁོར་རེར་མི་300(མི་300ཚུད་པ)ཡན་ཟིན་ཚེ་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ་དང་དུས་གཏན་མེ་འཁོར་རེར་མི་400(མི་400ཚུད་པ)ཡན་ཟིན་ཚེ་བྱ་དགའ་སྒོར་ཁྲི་25སྤྲོད་རྒྱུ་རེད། གཞན་ཡང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་མཁའ་འགྲུལ་ཀུང་སི་དང་ཡུལ་སྐོར་རླངས་འཁོར་གྱི་འགྲུལ་སྐྱེལ་ཁེ་ལས་ལ་དམིགས་ནས་བྱ་དགའ(ཁ་གསབ་རོགས་དངུལ)སྤྲོད་པའི་སྲིད་ཇུས་བཟོས་པ་རེད།
གསར་འགོད་པར་བོད་ལྗོངས་ལེ་ཐུའུ་ཁང་ཕྱིའི་ཡུལ་སྐོར་ལས་དོན་ཁང་ནས་ཤེས་རྟོགས་བྱུང་བར། 2018ལོར“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་ཚུན། ཡུལ་སྐོར་ལས་དོན་ཁང་དེས“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་རིང་ཐེངས་གཅིག་ལ་མང་ཤོས་ཡུལ་སྐོར་ཚོགས་པ་50ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་རེས་སྐོར་དྲུག་པའི“དགུན་དུས་བོད་དུ་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་བ་ནས་ད་བར་ཟླ་བ་གཅིག་ནང་ཡུལ་སྐོར་ལས་དོན་ཁང་དེས་ཡུལ་སྐོར་ཚོགས་པ་17ལ་སྣེ་ལེན་ཞུས་པ་རེད།