དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཁྲལ་བསྡུའི་དོ་དམ་སྒྱུར་བཅོས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-14

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་དོ་དམ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཕན་འབྲས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ལ་དམིགས་ཏེ་ཁྲལ་བསྡུའི་དོ་དམ་སྒྱུར་བཅོས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2023ལོའི་ཟླ་དང་པོ་ནས་བཅུ་པའི་བར། ལྗོངས་ཡོངས་སུ་གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་དང་དེ་བཞིན་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་46ལྷག་ཙམ་ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ཚུན་དུ། བོད་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲིམས་སྒྱུར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་ལམ་ལུགས་ཁག་གསུམ་གྱི་ལེ་ལག་ཚང་བའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྒྱུར་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་འཛུགས་པ། ཆ་འཕྲིན་ཁྲི་30ལྷག་ཙམ་ཡོངས་བསྒྲགས་བྱེད་པ། ཁྲལ་དོན་གྱོད་གཞི་ཆེ་གྲས་ལ་སྔོན་ཚུད་ནས་ཞིབ་བཤེར་བྱེད་ཐབས་དང་ཁྲལ་དོན་སྲིད་འཛིན་གྱི་ཁྲིམས་སྒྱུར་གྱོད་དཔེར་མཛུབ་ཁྲིད་བྱེད་པ་སོགས་ཀྱི་ལམ་ལུགས་བཙུགས་ནས་ཚན་རིག་དང་མཐུན་པའི་དམངས་གཙོའི་ཐབས་ཇུས་ལ་སྐུལ་འདེད་བཏང་སྟེ་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་སོགས་ཀྱི་ཁྲལ་དོན་སྲིད་འཛིན་གྱི་བལྟོས་བཅས་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཁྲིམས་སྒྱུར་ཡང་དག་བྱེད་ཚད་མཐོ་རུ་གཏོང་བའི་ཐད་སྤྱིར་བཏང་གི་ཁྲལ་འཇལ་བའི་ཐོ་འགོད་སོགས་ལས་སྒོའི་ཁྱབ་ཁོངས་6ལ་གོ་སྐོན་སློབ་གསོ་དང་། སྐོང་འདྲི་ཉེན་གཏོང་། ཉེན་ཟོན་དྲན་སྐུལ། རང་བཤེར་ཟུར་ཁྲིད་སོགས་བཙན་ཤེད་རང་བཞིན་མིན་པའི་ཁྲིམས་འཛིན་བྱེད་སྟངས་ཁྱབ་གདལ་བཏང་ཡོད། “ཁྲིམས་འགལ་ཐེངས་དང་པོར་ཆད་པ་མི་གཅོད་པ”གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྲིད་འཛིན་ཆད་གཅོད་དོན་ཚན་ཁག་14ལ“ཐོག་འགལ་ཆད་ཡང”ལག་བསྟར་བྱས་ཡོད།

    གཞན་ཡང་། 《བོད་ཀྱི་ཁྲལ་བསྡུའི་ལྟ་འདོམས་དང་ཁྲལ་དོན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》བཀྲམ་པ་དང《ཁྲལ་བསྡུའི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དོ་དམ་བྱ་ཐབས》ལ་བཟོ་བཅོས་བརྒྱབ་ནས་ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། 《གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ཚོད་ལྟའི་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་སྟེ། ལས་དོན་མ་སྒྲུབ་གོང་དང་། ལས་དོན་སྒྲུབ་རིང་། ལས་དོན་བསྒྲུབས་རྗེས་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་འཛིན་ཤོག་ལ་ལྟ་འདོམས་བྱེད་པའི་མ་ལག་ཅིག་བཏོད་ཡོད། ཁྲལ་འབྲེལ་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་སྡེ་ཚན་དྲུག་གི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་མཉམ་འབྲེལ་གྱི་ཞིབ་བཤེར་ཐག་གཅོད་ལམ་སྲོལ་བཙུགས་ནས“རྫུན་མ་གསུམ”སོགས་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་མཉམ་དུ་རྡུང་རྡེག་བཏང་སྟེ། 2021ལོ་ནས་ད་བར་རིམ་རྩིས་བྱས་ན་གྱོད་དོན་ཐོ་འགོད་ཞིབ་བཤེར་239བྱས་པ་དང་སྒོར་ཁྲི་3950ལྷག་ཙམ་ཞིབ་བཤེར་གྱིས་མཛོད་དུ་བཅུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།