མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་ཚད་རྒྱུན་མཐུད་ཇེ་ལེགས་སུ་བཏང་བ།
མང་ཚོགས་ལ་ཆུ་གཙང་མ་འཐུང་རྒྱུ་བྱུང་བ།
ད་ཕན་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཆེད་དོན་བཅོས་སྒྲིག་བྱེད་པར་དམིགས་ཏེ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མང་ཚོགས་ལ་ཆུ་གཙང་མ་འཐུང་རྒྱུ་ཡོང་བར་བྱས་པ་རེད།
མངའ་རིས་ས་ཁུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ནས་སྒེར་རྩེ་དང་། སྒར། སྤུ་ཧྲེང་། མཚོ་ཆེན་བཅས་རྫོང་4ཡི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་སྒྲིག་ཆས་རྙིང་པ་དང་གོབ་ཏོ་ཉམས་གསོ་བདག་སྐྱོང་གི་ལས་གྲྭ་ལག་བསྟར་བྱས་པ་རེད། སྔར་ཡོད་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་རྨང་གཞིའི་ཐོག་མ་དངུལ་སྒོར་ཁྲི་347.64བཏང་ནས་རྫོང་4ཡི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་སྒྲིག་ཆས་རྙིང་པ་དང་གོབ་ཏོའི་གནད་དོན་གྱི་གསལ་ཐོ་119གསེད་དཀྲོལ་བྱས་ཤིང་། ཕྱི་ལོགས་སུ་ཡོད་པའི་ཆུ་འདྲེན་མདོང་ལམ་དང་། ཆུ་འོག་མདོང་ལམ། གཅུས་སྒོ་སོགས་ཆུ་མཁོ་འདོན་གྱི་སྒྲིག་བཀོད་སྒྲིག་ཆས་ལ་ཕྱི་ཐུམ་བརྒྱབ་པ་དང་། ཁ་ཐོར་དུ་གནས་ཤིང་ཁྲའེ་ཡིའུ་སྣུམ་བླུག་དགོས་པའི་ཆུ་འཐེན་འཕྲུལ་ཁྲོན་དེ་འོད་ཤུགས་གློག་གི་ཆུ་འཐེན་མ་ལག་ཏུ་ལེགས་སུ་བཏང་ནས་དྲོད་ཚད་ཆག་པའི་རྐྱེན་གྱིས་ཁང་པའི་ཕྱིའི་མདོང་ལམ་གས་ནས་ཆུ་མཁོ་འདོན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་བཏང་བས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་ཐད། མངའ་རིས་ས་ཁུལ་གྱིས《ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་གནས་ཚུལ་གྱི་ཞིབ་བཤེར་ཆེན་པོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དང《ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཐད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་ཡིག་ཆ་བཟོས་ནས་བཀྲམ་པ་དང་། ས་བབ་མཐོ་བའི་ཤང་དང་། གྲོང་རྡལ། གྲོང་ཚོ། ཚོགས་ཆུང་བཅས་ཀྱི་དགུན་དུས་ཆུ་མཁོ་འདོན་དཀའ་བའི་གནད་དོན་ལ་དམིགས་ཏེ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་གྱི་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་ཆེན་པོའི་ལས་དོན་སྤེལ་ནས་དྲོད་སྲུང་ཡག་པོ་མ་བྱུང་བ་དང་སྒོ་དང་སྒེའུ་ཁུང་བཙན་པོ་མེད་པ་སོགས་བདག་སྐྱོང་ཡག་པོ་མ་བྱུང་བའི་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་བྱས་ཤིང་། རིམ་རྩིས་བྱས་ན་ཆུ་མཁོ་སྤྲོད་མི་འབོར་9200ལྷག་ཙམ་ལ་ཞིབ་བཤེར་དང་ལྟ་ཞིབ་ཚད་ལེན་བྱས་པ་རེད། 《མངའ་རིས་ས་ཁུལ་གྱི་ཆུ་མཁོ་འདོན་ལས་གྲྭའི་འགོག་སྲུང་བྱ་ཐབས》བཟོས་ནས་བཀྲམ་སྟེ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགུན་དུས་ཆུ་བེད་སྤྱོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། བཀོལ་སྤྱོད་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ། མཐེབ་བཀྱག་མནན་ཐེངས་གཅིག་ལ་ཆུ་དོན་ཐུབ་པ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་བདེ་འཇགས་དོ་དམ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་གྲྭའི་ཕན་འབྲས་རྒྱུན་མཐུད་ཐོན་པའི་འགན་ལེན་བྱས་པ་རེད།