དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཉེར་སྐྱོང་ཡོང་འབབ་བོད་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་གྱི་སྒུལ་ཤུགས་གཙོ་བོར་གྱུར་པ།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-14

    2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སླར་གསོའི་རང་བཞིན་གྱི་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་པ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12516ཟིན་ནས་8.7%འཕར་ཏེ། འཕར་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་ཁྲོད་ཨང་དང་པོར་སླེབས་པ་དང་། དེའི་ཁྲོད་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་ཡོང་ཁུངས་གཙོ་བོར་བྱེད་པའི་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་ཞིང་འབྲོག་པའི་སྤྱིའི་ཡོང་འབབ་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ནས་ལེགས་སྐྱེས་ཕུལ་ཚད་35%ཟིན་གྱི་ཡོད་པ་རེད།

    2023ལོའི་ཚུན་དུ། བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་འབྲོག་པའི་འབབ་འཕར་གྱི་ལྟེ་བའི་ལས་འགན་དེ་ཁོང་དུ་དམ་པོར་ཆུད་པ་བྱས་ནས། དབུལ་སྒྲོལ་མི་འབོར་ཁྲི་73.4འབབ་འཕར་ཡོང་བ་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་དོན་ཆེན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་སྟེ། ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ལས་ཞུགས་བརྟན་པོ་ཡོང་བ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་སྔོག་འདོན་དང་འབབ་འཕར་གྱི་རྣམ་པ་གསར་པ་འཚོལ་ཞིབ་ཀྱིས། ཞིང་འབྲོག་པའི་འབབ་འཕར་གྱི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད་པ་རེད།

    གཞན་ཡང་ཡུལ་སྐོར་སོགས་ཐོན་ལས་ཀྱི་འབབ་འཕར་མངོན་གསལ་དོད་ཅིང་། 2023ལོའི་ཟླ་དང་པོ་ནས་8པའི་བར་རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4492.61ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་529.69ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། ཞིང་ཕན་མ་དངུལ་ཁག་དུས་ཐོག་དང་གྲངས་ཚང་ངང་སྤྲད་དེ། ཞིང་འབྲོག་པ་མང་ཚོགས་ལ་སྲིད་ཇུས་ཀྱི་ཕན་པ་དེ་བས་མང་བ་ཐོབ་པ་བྱས་པ་དང་། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་བརྟན་པོ་དང་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔའི་བར་ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་98.09བཏང་ནས་ཞིང་འབྲོག་པར་ཐད་ཀར་ཁ་གསབ་བྱས་ཡོད་པ་རེད།

    ལས་ཞུགས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ནུས་པ་གང་ལེགས་འདོན་ཆེད། 2023ལོར་རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ལས་རིགས་རྩལ་ནུས་མཐོར་གཏོང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་5.1བཏང་ནས། ཁེ་ལས་ལ་གནོན་ཤུགས་ཆུང་གཏོང་དང་ལས་གནས་བརྟན་པོ་དང་ལས་བཟོར་རྩལ་ནུས་མཐོར་གཏོང་དང་ལས་གནས་མི་ཤོར་བར་རྒྱབ་སྐྱོར་བྱས་ཡོད། སྤྱི་ཚོགས་འགན་བཅོལ་གྱི“ཆག་ཡང་དང་། རྩ་ཆག ཞི་ལྷོད”སོགས་ཀྱི་སྲིད་ཇུས་བརྒྱུད། རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཁེ་ལས་ལ་ལས་གནས་བརྟན་པོའི་ཕྱིར་སློག་མ་དངུལ་སྒོར་དུང་ཕྱུར་1.14སྤྲད་པ་དང་ལས་ཞུགས་ལས་གནས་ཁྲི་12ལྷག་ཙམ་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།