དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་ལེགས་སྐྱེས་འབུལ།

    —— མཚོ་ཆེན་རྫོང་ཟླ་གཞུང་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཀྲེ་ཧྭ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-12

    འདི་ནི་ཁྲེན་ཀྲེ་ཧྭ(གཡས)ཡིས་འབྲོག་རར་བསྐྱོད་ནས་ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས་གནས་ཚུལ་འདྲི་བཞིན་པ།

    གསར་འགོད་པར་མཚོ་ཆེན་རྫོང་ཟླ་གཞུང་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཀྲེ་ཧྭ་འཕྲད་སྐབས། ཁོང་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་110ཡོད་པའི་ཤར་གདོང་གྲོང་ཚོའི་འབྲོག་ལས་ཚོགས་ཆུང་ཞིག་ཏུ་དངོས་སྡོད་བྱས་འདུག དངོས་སྡོད་བྱ་ཡུལ་དེ་མཚོ་ཆེན་རྫོང་དང་འབྲོང་པ་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4900ཟིན་པ་དང་། རྒྱང་ནས་བལྟས་ན་འབྲོག་པ་དུད་ཚང་གསུམ་གྱི་ས་ཕག་ཁང་པ་ཕུད་མུ་ལ་མུ་ཁྱུད་ཀྱི་རི་ཚོགས་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་མ་གཏོགས་མེད་པས་སྟོང་ལྷང་ལྷང་གི་སྣང་བ་ཞིག་འབྱིན་འོང་།

    “ང་ཚོས་འདི་གར་མང་ཚོགས་ཀྱི་ཕྱུགས་རིགས་ལ་རིམས་ནད་སྔོན་ཁབ་རྒྱག་པའི་སྐོར་སྐྱོད་སྨན་བཅོས་ལས་དོན་སྤེལ་ནས་ཉིན་20ལྷག་ཙམ་ཕྱིན་སོང་། ཚོད་དཔག་བྱས་ན་ཉིན་10ལྷག་ཙམ་ནས་ལོག་ཐུབ་པ་འདུག”ཅེས་དེ་གའི་འབྲོག་པའི་མཁུར་ཚོས་དམར་པོ་དང་གཅིག་མཚུངས་ཡིན་པའི་ཁྲེན་ཀྲེ་ཧྭ་ཡིས་གད་མོ་འཚེར་འཚེར་ངང་གསར་འགོད་པར་བརྗོད།

    ཉིན་20ལྷག་ཙམ་རིང་། ཁོང་དང་ལས་རོགས་གསུམ་པོས་གེགས་སེལ་གུར་གཉིས་ཀྱི་ནང་འཚོ་བ་བསྐྱལ་ཞིང་། སྔོ་ཚལ་བཟའ་རྒྱུ་མེད་སྟབས་ཚལ་བསྙལ་མ་བཟའ་དགོས་བྱུང་། གནས་དེའི་དགོང་མོའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཟིན་པ་དང་། ལག་ཐོགས་ཁ་པར་ལའང་བརྡ་རྟགས་མེད་པས། གཟུགས་པོ་དང་རྐང་པ་བཀྲུ་རྒྱུ་ནི་སྤྲོས་བྲལ་རེད། འོན་ཀྱང་། ཁྲེན་ཀྲེ་ཧྭ་དང་ཁོང་གི་ལས་རོགས་ཚོ་དཀའ་ཚེགས་ཆེ་བའི་ས་ཆ་དེ་འདྲར་ལོ་ལྟར་ཟླ་བ་འགའ་ཤས་འཚོ་བ་སྐྱེལ་དགོས་ཀྱི་ཡོད།

    2005ལོར། ཁྲེན་ཀྲེ་ཧྭ་བོད་ལྗོངས་ཞིང་འབྲོག་སློབ་གླིང་སྲོག་ཆགས་ཀྱི་ནད་ཡམས་བརྟག་ཞིབ་ཆེད་ལས་ནས་ཐོན་ཏེ་མཚོ་ཆེན་རྫོང་ཆུ་ལྷོ་ཤང་ཕྱུགས་རིགས་ནད་ཡམས་སྔོན་འགོག་ས་ཚིགས་སུ་ལས་བགོས་བྱུང་ཞིང་། དུས་དེ་ནས་བཟུང་། ཁོང་ནི་བོད་ཀྱི་གཞི་རིམ་གྱི་ཕྱུགས་རིགས་ཨེམ་ཆི་ཞིག་ཏུ་གྱུར། མ་གཞི་ཐོག་མར་མི་དང་ས་ཆར་ཆ་རྒྱུས་མེད་པ་དང་། སྐད་བརྡ་མི་འཕྲོད་པ། འཚོ་བའི་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་གནད་མང་པོ་འཕྲད་ཀྱང་། ཁྲེན་ཀྲེ་ཧྭ་ཡིས་ཕྱིར་བཤོལ་མ་བརྒྱབ་པར་ཤང་དུ་གཞིས་བཙུགས། ལས་ཀའི་དགོས་མཁོའི་དབང་གིས་ལས་ལ་བརྩོན་པའི་ཁོང་གིས་རང་གི་ཆེད་ལས་མ་ཡིན་པའི་ཕྱུགས་རིགས་ཨེམ་ཆིའི་ཤེས་བྱ་སྦྱངས་ཏེ་ས་ཚིགས་དེ་གའི་ལས་སྒོའི་རྐང་འཛིན་པར་གྱུར། ད་དུང་ཁོང་གིས་ཁོམ་པ་ཡོད་དུས་བོད་སྐད་བྱང་ཆུབ་པར་སྦྱངས་པས་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱུང་ཡོད།

    ལོ་ལྟར། ཁྲེན་ཀྲེ་ཧྭ་ཡིས་འཆར་ཅན་གྱི་སྐོར་སྐྱོད་སྨན་བཅོས་ལ་བསྐྱོད་ནས་འབྲོག་པའི་ཕྱུགས་རིགས་ལ་རིམས་འགོག་སྨན་ཁབ་རྒྱག་པ་ཕུད། ཐོལ་བྱུང་གི་སྲོག་ཆགས་ཀྱི་རིམས་ནད་ཐོན་སྐབས་དངོས་སྡོད་བྱས་ནས་ནད་ཡམས་སེལ་ཐབས་བྱེད་པ་དང་། ནད་ཡམས་འཇགས་རྗེས་གཞི་ནས་ལས་ཁུངས་སུ་ལོག་གི་ཡོད། རགས་རྩིས་བརྒྱབ་པ་བརྒྱུད། ཁོང་ལོ་ལྟར་གཤམ་སྐྱོད་ལ་དུས་ཡུན་ཟླ་བ་གསུམ་ཡན་ཟིན་པ་དང་། ཆུ་ལྷོ་དང་ཟླ་གཞུང་ཤང་གཉིས་ཀྱི་རི་ཀླུང་མང་པོར་ཁོང་གིས་རྐང་རྗེས་བཞག་ཡོད།

    ཁྲེན་ཀྲེ་ཧྭ་ཡིས། ལས་ཀར་ཞུགས་ཙམ་ལ། ཕྱུགས་རིགས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ས་ཚིགས་ལ་གཞུང་འཁོར་མེད་པས། ངས་སྦག་སྦག་བཏང་ནས་འགྲོ་བའམ་ཡང་ན་མང་ཚོགས་ཀྱི་ཐོ་ཕྲུག་ལ་བསྡད་ནས་གཤམ་དུ་སྐོར་སྐྱོད་སྨན་བཅོས་སུ་འགྲོ་གི་ཡོད། ཤང་ནང་གི་དུད་ཚང་མི་རེ་ངོ་རེར་འགྲོ་མྱོང་བ་མ་ཟད། མང་ཚོགས་དང་འབྲེལ་བ་ཡག་པོ་ཡོད་པས། རང་གི་མི་ཚེར་དོན་སྙིང་ཆེན་པོ་ཡོད་པའི་སྣང་བ་ཡོང་གི་འདུག་ཅེས་བརྗོད།

    ཕྱུགས་རིགས་ཨེམ་ཆིའི་ལས་ཀ་དེ་མ་གཞི་སྤྱིར་བཏང་ཞིག་ཡིན་མོད། འོན་ཀྱང་མང་ཚོགས་ཀྱི་ཁྱིམ་ཚང་གི་ཡོང་འབབ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཐད་ཀར་འབྲེལ་བ་ཡོད། ལྷག་པར་དུ་སྲོག་ཆགས་ཀྱི་ནད་ཡམས་ཐོན་སྐབས་ཕྱུགས་རིགས་ཨེམ་ཆི་ནི་མང་ཚོགས་ཀྱི་སེམས་དབུས་ཀྱི་སྲོག་སྐྱོབ་དྲིན་ཆེན་རེད།

    ལོ་ཤས་གོང་། ཆུ་ལྷོ་ཤང་གཞུང་མ་གྲོང་ཚོར་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ཞིག་ཐོན་ནས་འབྲི་གཡག་མགོ་གྲངས་100ལྷག་ཙམ་ལ་ནད་ཡམས་ཕོག སྐབས་དེ་དུས་ཁྲེན་ཀྲེ་ཧྭ་དང་ལས་རོགས་ཚོས་ཟླ་བ་གཅིག་ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། མཐར་རིམས་ནད་ལས་རྣམ་པར་རྒྱལ་ཏེ་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་ཕོག་མེད། ཁྲེན་ཀྲེ་ཧྭ་ཡིས། ཟླ་གཞུང་ཤང་ནས་གྱེས་སྐབས། ཡུལ་མི་བསྟན་དོན་གྱིས་ངའི་ལག་པ་ནས་བཟུང་སྟེ་ཐུགས་རྗེ་ཆེ་ཞེས་ཡང་ཡང་བརྗོད་པ་མ་ཟད། ད་དུང་ཁྱེད་རང་མ་ཕྱིན་ན་འགྲིག་གམ་ཟེར་གྱི་འདུག འདི་དང་འདི་འདྲ་བའི་ཉེ་འཁོར་དུ་ཐོན་པའི་བྱ་བ་ཆུང་ཙག་རེ་རེ་ནི་ངས་ལས་གནས་འདི་བརྟན་པོར་སྲུང་བའི་སྒུལ་ཤུགས་ཤིག་ཡིན་ཞེས་བརྗོད།

    2009ལོར་ཁྲེན་ཀྲེ་ཧྭ་ཡིས་གཉེན་བསྒྲིགས་པ་དང་། ཆུང་མ་ཡང་ཆུ་ལྷོ་ཤང་དུ་ཡོང་ནས་ཁོང་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་དབུ་ཁྱུད་འབྲི་འགོ་ཚུགས། འོན་ཀྱང་། སེམས་སྐྱོ་བ་ཞིག་ལ། 2017ལོ་ནས་བཟུང་ཁོང་གི་ཆུང་མ་ནད་གཞིས་རྐྱེན་པས་ནང་སར་ལོག་དགོས་འཁེལ་སྟབས། ཁྲེན་ཀྲེ་ཧྭ་སླར་ཡང་མི་རྐྱང་རྟ་རྐྱང་དུ་ལུས། 2019ལོར། ཁྱོ་ཤུག་གཉིས་པོས་ཉིང་ཁྲི་ནས་ཡིན་པའི་བོད་རིགས་དྭ་ཕྲུག་གཅིག་བུ་ཚབ་ཏུ་ཉར་ཏེ་མིང་ལ་ཁྲེན་ལིན་ཤོན་ཞེས་བཏགས། མིག་སྔར་ཆུང་མས་ལྟ་སྐྱོང་བྱེད་བཞིན་ཡོད་པ་དང་ཕ་ཡུལ་སི་ཁྲོན་ལེ་ཀྲིར་སློབ་ཆུང་འགྲིམ་བཞིན་ཡོད་པ་རེད།

    2021ལོར། རྩ་འཛུགས་ཀྱིས་ཁྲེན་ཀྲེ་ཧྭ་ཟླ་གཞུང་ཤང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ལ་བསྐོས་པ་དང་། ཁོང་གིས་སྔར་རྒྱུན་བཞིན་ཕྱུགས་རིགས་ཨེམ་ཆིའི་ལས་ཀའི་རྒྱུན་སྐྱོང་བཞིན་ཡོད། ཁྲེན་ཀྲེ་ཧྭ་ཡིས། ད་ཆ་ཆ་རྐྱེན་ལེགས་སུ་ཕྱིན་ནས་གྲོང་ཚོ་ཁག་ཏུ་འགྲོ་སྐབས་རླངས་འཁོར་ལ་བསྡད་ཆོག སྔར་རྒྱུན་བཞིན་ལོ་ལྟར་གྲོང་ཚོར་བསྐྱོད་ནས་རིམས་འགོག་སྨན་ཁབ་རྒྱག་དགོས། སྔོན་ཆད་སྔོན་འགོག་ཁབ་3ལས་རྒྱག་མི་དགོས་ཀྱང་ད་ཆ་7རྒྱག་དགོས་པས། ལས་ཀ་སྔར་བས་མང་དུ་དང་འགན་འཁྲི་དེ་བས་ལྕི་རུ་ཕྱིན་ཡོད་ཅེས་བརྗོད།

    ཁྲེན་ཀྲེ་ཧྭའི་ལོ་བཅོ་བརྒྱད་རིང་གི་ལས་ཀ་བྱེད་ཡུལ་དང་འཚོ་བ་སྐྱེལ་ས་ཧ་ལམ་གྲོང་གསེབ་ཏུ་ཡིན་པས། ཁོང་ནི་མཚོ་ཆེན་རྫོང་གི་གཞི་རིམ་དུ་ལས་ཀ་སྒྲུབ་ཡུན་རིང་ཤོས་ཀྱི་རྒྱ་རིགས་ལས་བྱེད་པར་གྱུར། ཁོང་གིས་སྔ་རྗེས་སུ་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ལས་དོན་ལ་ཐེངས་བཅུ་ལྷག་ཙམ་ཞུགས་པ་དང་། དངོས་སུ་རིམས་འགོག་སྨན་ཁབ་བརྒྱབ་པའི་ཕྱུགས་རིགས་ཀྱི་མགོ་གྲངས་ཁྲི་20ལྷག་ཙམ་ཟིན་པས། མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་མཛའ་གཅུགས་གསེར་ཟམ་བཙུགས་ཏེ། གུང་ཁྲན་ཏང་ཡོན་ཞིག་དང་ཕྱུགས་རིགས་ཨེམ་ཆི་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་ཡག་པོ་བསྟར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།