ལྷ་ས་གྲོང་ཁྱེར་གྱིས་ཚོང་དོན་ཐོ་འགོད་ལ་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་བྱས་པ།
“དཔྱད་གཞི་བསྐྱལ་ནས་ཉིན་ཕྱེད་མ་འགོར་བར་ཚོང་གཉེར་ལག་ཁྱེར་རག་བྱུང”ཞེས་ཉེ་ཆར་བོད་ལྗོངས་བློ་དགའ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས་དོན་མ་ཐག་པའི་ཚོང་གཉེར་ལག་ཁྱེར་ལག་ཏུ་ཁྱེར་ནས་སྤྲོ་སྣང་ཆེན་པོས་བརྗོད།
གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་སྐར་ཁུང་གིས་ཚོང་གཉེར་བྱེད་པོར་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། “དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་པ་བརྒྱུད། ཁེ་ལས་འཛུགས་པ་དང་ཁེ་ལས་ཀྱི་ཐོ་སུབ་པ“ཐེངས་གཅིག་ལ་བསྒྲུབ་རྒྱུར”སྐུལ་འདེད་བཏང་བའི་ཐོག སྒྱུར་བཅོས་ཆུང་ངུར་བརྟེན་ནས་སྲིད་དོན་ཐད་མཐོར་གཏོང་ཆེན་པོ་ཡོང་བར་བྱས་པས། “ལྷུ་ཚིགས་ཉུང་བ་དང་། དུས་ཚོད་ཐུང་བ། དཔྱད་ཡིག་ཉུང་བ། འགྲོ་རྒྱུག་ཉུང་བ”བཅས་དེ་བས་བྱུང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་རམ་འདེགས་ཐུབ་པ་མ་ཟད། ཁྲོམ་རའི་གསོན་ཤུགས་ཀྱང་ནུས་ལྡན་འཕེལ་ཡོད། 2023ལོའི་ཟླ་དང་པོ་ནས་བཅུ་པའི་བར། ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་ཁྲི་1གསར་དུ་བཙུགས་པ་དེ་དུས་མཚུངས་ལས་93.8%འཕར་ནས་ཁེ་ལས་བསྡོམས་འབོར་ཁྲི་5.7ཟིན་པ་དེ་དུས་མཚུངས་ལས་16.1%འཕར་ཡོད།
གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དོན་དག་སྒྲུབ་མཁན་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་དེ་དམངས་སེམས་དང་དམངས་འདོད་འགྲུབ་པའི་ཚད་གཞིར་བརྩིས་ནས་གཉེར་སྐྱོང་བྱེད་པོས་རྒྱུན་འཁོར་ཧྲིལ་པོར་ཞིབ་མཆན་འགོད་པའི་དོན་གནད་ཐེངས་གཅིག་ལ་བསྒྲུབ་པ་དང་མཉམ་དུ་བསྒྲུབ་རྒྱུར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ“སྡེ་ཚན་མཉམ་འགུལ་དང་གྲངས་གཞིས་སྒྲུབ་ཐུབ་པ”བྱ་རྒྱུ་རེད།