བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དོན་གྲུབ་ཀྱིས་གསུངས་དོན།
གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་དེ་བས་བརྟན་ལ་ནུས་ལྡན་སྤོ་ཐུབ་པར་བྱེད་ཀྱི་ཡིན།
“མི་དམངས་ཀྱིས་ང་རང་འཐུས་མིར་བདམས་པ་ནི་ང་ལ་ཡིད་ཆེས་བྱས་པ་ཞིག་དང་། ང་རང་འཐུས་མི་བྱེད་དོན་ནི་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དེ་ཡིན”འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྤུ་ཧྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་དོན་གྲུབ་ཀྱིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། ཁོང་གིས་འདི་ལྟར་བརྗོད་ཀྱི་ཡོད་ལ། བྱ་སྤྱོད་ངོ་མར་བརྟེན་ནས་སྐད་ཆ་འདིའི་ནང་དོན་ལག་ལེན་བསྟར་བཞིན་ཡོད།
མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བའི་ལོ་དང་པོར་དོན་གྲུབ་ཀྱིས་སྤུ་ཧྲེང་རྫོང་ཁོངས་ཀྱི་རྨ་བྱ་ཁ་འབབ་ངོགས་གཉིས་ཀྱི་ཆུ་སྒྲོལ་ཟམ་ཆེན་བསྐྲུན་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་པར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་དང་ལེན་བྱས་ཡོད། མཐར་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི་8000བཏང་ནས་སྤུ་ཧྲེང་རྫོང་གི་གྲོང་དོན་ཟམ་ཆེན་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་འཕྲལ་དུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།
“འཐུས་མིའི་གྲོས་འགོར་མཐོང་ཆེན་དེ་འདྲ་བྱས་པས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་ནས་འགན་འཁྲི་སྒྲུབ་པའི་སྒུལ་ཤུགས་དེ་བས་ཆེ་རུ་ཕྱིན་སོང”ཞེས་དོན་གྲུབ་ཀྱིས་གསུངས་པ་དང་། ཁོང་གིས། སྤུ་ཧྲེང་རྫོང་གི་གྲོང་དོན་ཟམ་ཆེན་བསྐྲུན་རྒྱུ་ནི་སྤུ་ཧྲེང་རྫོང་མི་དམངས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་བསམ་འདུན་ཞིག་རེད་ལ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་རེད་ཅེས་གསུངས།
ཉེ་བའི་ལོ་ཤས་རིང་། སྤུ་ཧྲེང་རྫོང་གིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་གང་མགྱོགས་འགྱུར་བ་དང“ཞིང་གསུམ”ལས་དོན་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་གསར་པ་བྱུང་ཡོད།
2023ལོར་སྤུ་ཧྲེང་རྫོང་གིས“‘ཀྲི་པུའུ་+མཉམ་ལས་ཁང་+ཞིང་འབྲོག་པ’+‘ཧྲུའུ་ཅིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་དཔེ་སྟོན། ཆེད་བསྐོས་ལས་བྱེད་པས་སྒྲུབརོགས་བྱེད་པ’”བཅས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཧུར་ཐག་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཁག་23འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་བ་རེད། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ནས་ནག་ཏན་ཞིམ་དང་། ནས་ཀྱི་ཁ་ཧྥེ། པད་ཁའི་སྣུམ་སོགས་ཞིང་ལས་ཐོན་རྫས་གསར་པ་30ལྷག་ཙམ་ཞིབ་བཟོ་བྱས་པ་དང་། དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཁག་16རིམ་པ་སྤོར་བར་སྐུལ་འདེད་བཏང་བ། ཚད་གཞི་མཐོ་བའི་ས་ཞིང་མུའུ་2000འཛུགས་སྐྲུན་སོགས་བྱས་པ་རེད།
གཡུར་དུ་ཟ་བའི་གྲུབ་འབྲས་ལ་ལྟ་བཞིན་དོན་གྲུབ་ཀྱིས་གདེང་ཚོད་ཆེན་པོས“གྲོང་གསེབ་དར་རྒྱས་གཏོང་བ་ནི་ཚོགས་འདུ་གཉིས་ལ་དོ་ཁུར་ཆེ་ཤོས་བྱེད་པའི་བརྗོད་གཞི་ཞིག་རེད་ལ། གོམ་སྟབས་རྗེས་མའི་ལྗོངས་ཡོངས་ཀྱི་ལས་དོན་གྱི་གཙོ་གནད་ཅིག་ཀྱང་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་ངས་རང་འགན་གཙང་སྒྲུབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་སྤུ་ཧྲེང་རྫོང་གི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་གསར་པ་ཡོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་གསུངས་པ་རེད།