དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྩྭ་ཐང་དཔའ་བོའི་མིག་དཔེ་ལས། མི་སེམས་སྐུལ་ལྕག་ཟབ་མོ་ཐེབས།

    —— དུས་རབས་གསར་པར་འབད་འབུངས་ལས་ལ་གཞོལ་མཁན་བྱང་རྩྭ་ཐང་གི་བུ་ཕྲུག་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-12

    འདི་ནི“གྲོང་གསེབ་དར་རྒྱས། འབད་འབུངས་ནག་ཆུའི”བྱེད་སྒོའི་ནང་གྲུབ་འབྲས་གཟེངས་སུ་ཐོབ་པའི་བདམས་ཐོན་པ་ཡིན་པ།

    མི་དམངས་བཅིངས་འགྲོལ་དམག་གི་བོད་སྐྱོད་དཔའ་བོའི་བྱས་རྗེས་ས་མཐོའི་ས་གཞི་ཆེ་མོར་ནམ་ཡང་གྲགས་ནས་ཡོད། “རྩྭ་ཐང་གི་དཔའ་བོ”སྤུས་དག་དང་དུས་སྐབས་གསར་པའི་དཔའ་བོ་དཔེ་བཟང་བ་ལྷུན་དཔལ་དང་། ཆི་ཨའེ་ཆུན། ལྷུན་མཚོ། ནོར་བུ་གཡུ་རྒྱལ་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གང་སར་ཁྱབ་ནས་དགའ་སྐྱོ་གཉིས་ལྡན་གྱི་རྣམ་པ་ཞིག་མངོན་བཞིན་མཆིས།

    དུས་རབས་ཚང་མར་དཔའ་བོའི་མིག་དཔེའི་སྟོབས་ཤུགས་ཡོད་ལ། ས་ཕྱོགས་གང་སར་གདོང་ལེན་པའི་འབད་འཐབ་གཟི་བརྗིད་ཡོད། ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་ནས་གུས་བཀུར་འོས་པའི་དཔའ་བོ་དང་བསྔགས་པར་འོས་པའི་གདོང་ལེན་པ་ཚོའི་མཛད་རྗེས་ཀྱིས་མི་སེམས་ལ་སྐུལ་ལྕག་བྱེད་བཞིན་མཆིས།

    དཀོན་མཆོག་གྲགས་པ། “རྒྱལ་དར་རྒན་རྒོན”གྱིས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མཚོན།

    རྒྱལ་ས་པེ་ཅིང་། 2008ལོའི་ཟླ་8ཚེས་8ཉིན་གྱི་དགོང་མོའི་ཆུ་ཚོད་8པ།

    འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་པེ་ཅིང་ཨའོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་འཚོགས་སྐབས། ཀྲུང་གོའི་མི་དམངས་ཀྱི་བླ་ན་མེད་པའི་སྤོབས་སེམས་དང་རང་ཉིད་ཀྱི་གདེང་ཚོད་སེམས་ལ་ལང་ལོང་དུ་འཕྱུར།

    ལེ་དབར་སྤྱི་ལེ་4000ཡོད་པའི་ཉི་མ་རྫོང་འོམ་བུ་ལྷོ་གྲོང་ཚོར་ཏང་ཡོན་རྒན་གྲས་དཀོན་མཆོག་གྲགས་པས་རྔམ་བརྗིད་ལྡན་པའི་རྒྱལ་གླུ་དང་བསྟུན་ནས་རང་ཁྱིམ་གྱི་སྒོ་རའི་ནང་སྐར་ལྔའི་དར་དམར་དང་པོ་དེ་བསྒྲེངས།

    དེ་ནས་བཟུང་ལོ་15ཡི་རིང་། རྒྱལ་དར་སྒྲེང་བ་དེ་དཀོན་མཆོག་གྲགས་པའི་འཚོ་བའི་ནང་གི་འགྱུར་མེད་ཀྱི་དད་སེམས་དང་རྒྱུན་འཛིན་གྱི་མཛད་སྒོར་གྱུར། ཕ་ཡུལ་པེ་ཅིང་དང་ས་ཐག་རིང་ཡང་། བགྲེས་སོང་ཁོང་གི་སེམས་པ་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་དམ་པོར་འབྲེལ་ཡོད།

    གྲང་ངར་ཆེ་བའི་དགུན་དུས་སུ། འདམ་ར་གཡུ་མཚོར་དར་ཁ་བསྒྲིགས་ཀྱང་འོམ་བུ་ལྷོ་གྲོང་ཚོར་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་བཞིན་ཡོད། གཟའ་ཟླ་བའི་ཉིན་ཞིག་གི་ཞོགས་པ་སྔ་པོར། དཀོན་མཆོག་གྲགས་པའི་སྒོ་ར་ནས་རྒྱལ་གླུའི་སྒྲ་ལྷང་ལྷང་གྲགས་པ་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས།

    བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་། འོམ་བུ་ལྷོ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དེ་གར་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་ཁྱིམ་ཚང་གི་བཤམས་སྟོན་དུ་ལྟ་སྐོར་བྱས། དཀོན་མཆོག་གྲགས་པས་གསར་བརྗེའི་གཏམ་རྒྱུད་ནན་ཏན་ངང་ཉན་པ་མ་ཟད། གསར་བརྗེའི་ལོ་རྒྱུས་ཁྲོད་ནས་བསམ་བློའི་བཞུན་བརྡར་དང་ལེན་དང་ཏང་གཤིས་བློ་སྦྱོང་འཕེལ་བར་བྱས།

    “འདི་ནི་ལོ་50ཡི་གོང་བཅིངས་འགྲོལ་དམག་འཐབ་འཛིང་པས་ང་ལ་སྤྲད་པའི་མའོ་ཀྲུའུ་ཞིའི་སྐུ་པར་རེད”

    “འདི་ནི་ངས་རྣམ་གླིང་རྫོང་ནས་འབྲུ་རིགས་ཉོ་སྐབས་སྐར་མ་བསགས་ནས་བྱུང་བའི་སྒོར་5བཏང་ནས་ཉོས་པའི《རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ང་ཚོའི་སེམས་ནང་ནམ་ཡང་གནས》ཞེས་པའི་བརྙན་པར་རེད”

    “འདི་ནི་ངས་བསྒྲེངས་བའི་སྐར་ལྔའི་དར་དམར་དང་པོ་དེ་རེད”

    “འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གནས་ཚུལ་བཀོད་པའི་ཚགས་པར་རེད”

    དཀོན་མཆོག་གྲགས་པའི་ཁྱིམ་དུ་གཙོ་འཛིན་གྱི་སྐུ་པར་དང་གཟེངས་རྟགས་སྣ་ཚོགས་ཡོད་པ་མ་ཟད། ད་དུང་པར་རྙིང་པ་དང་། ཚགས་པར་རྙིང་པ། དཔེ་དེབ་རྙིང་པ་སོགས་ཡོད་པ་དེ་དག་ཉར་ཚགས་བྱས་ནས་ལོ་ལྔ་བཅུ་ལྷག་ཙམ་སོང་བ་ལས། བགྲེས་སོང་ཁོང་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད།

    ད་ཆ་དཀོན་མཆོག་གྲགས་པ་རྩྭ་ཐང་སྟེང་གི་འབྲོག་པ་མང་ཚོགས་ཀྱིས་གུས་བཀུར་བྱེད་པའི“རྒྱལ་དར་ཨ་ཕ”དང་གང་སར་མིག་དཔེ་སྟོན་མཁན་གྱི་ཏང་ཡོན་རྒན་གྲས་ལ་གྱུར་ཡོད། དཀོན་མཆོག་གྲགས་པས་ལྟ་དགའ་ཤོས་ཀྱི་དཔེ་དེབ་ནི《ངལ་རྩོལ་མི་དམངས་ཀྱི་བུ་ཕྲུག་བཟང་པོ་ལེ་ཧྥུང》ཞེས་པ་དེ་ཡིན་པ་དང་། རྒྱུན་དུ་སྒྲུབ་དགའ་ཤོས་ཀྱི་ལས་ཀ་ནི་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་དང་། དབུལ་རོགས་དཀའ་སེལ། མང་ཚོགས་ལ་སྟབས་བདེ་བསྐྲུན་པ་བཅས་རེད། 2017ལོར་དཀོན་མཆོག་གྲགས་པ“ཀྲུང་གོའི་མི་བཟང་གི་མིང་ཐོའི”ནང་བདམས་ནས་ཡུན་རིང་རེ་སྒུག་བྱས་པའི་རྒྱལ་ས་པེ་ཅིང་དུ་བསྐྱོད། ཕ་ཡུལ་དུ་ལོག་སྐབས་དངོས་པོ་གཞན་དག་འཁྱེར་མེད་པར་རྒྱལ་དར་ཆེན་པོ་ཞིག་ཉོས་ནས་འཁྱེར་ཡོད།

    འོམ་བུ་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ཉི་མ་མཚོ་མོས་སྤོ་བོ་དཀོན་མཆོག་གྲགས་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། སྤོ་བོ་ལགས་སློབ་གྲྭར་སློབ་ཁྲིད་བྱེད་པར་ཡོང་བ་ཤེས་སྐབས་དགའ་ཐག་ཆོད་ནས་ཁྱིམ་དུ་ཉར་ཚགས་བྱས་པའི་གཙོ་འཛིན་གྱི་སྐུ་པར་སྤོ་བོ་ལགས་ལ་སྤྲོད་རྒྱུའི་སྐོར་ལ་ཕ་མ་དང་གྲོས་བྱས།

    སློབ་ཚན་ཚོགས་དུས་སློབ་གྲོགས་ཚོས་དཀོན་མཆོག་གྲགས་པས་ཏང་གི་ལོ་རྒྱུས་དང་བོད་ལྗོངས་གསར་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གླེང་བ་ནན་ཏན་ངང་ཉན་བཞིན་མཆིས། དཀོན་མཆོག་གྲགས་པས་སློབ་གྲོགས་ཚོར“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད། ཁྱེད་ཚོ་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན་པས་ངེས་པར་དུ་ད་ལྟའི་དུས་རབས་བཟང་པོ་དང་འཚོ་བ་ཡག་པོར་གཅེས་སྤྲས་ཀྱིས་སློབ་སྦྱོང་ཡག་པོ་བྱེད་དགོས། སླད་ཕྱིན་སྤྱི་ཚོགས་དང་རྒྱལ་ཁབ་ལ་ཕན་འདོགས་པའི་མི་ཞིག་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་དགོས”ཞེས་བརྗོད།

    དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་བོད་ཀྱི་ཤང་དང་པོ་སྟེ། སྙན་རོང་གཡུ་མཆོག་ཤང་གི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་རྫས་འདྲ་མིན་སྣ་ཚོགས་ཡོད་པ་དང་། སྦྲ་ཆེན་རྫོང་གི“རྩྭ་ཐང་གི་དཔའ་བོ”སྤུས་དག་གི་བཞུགས་གནས་དང་དྲན་ཤེས་ནང་གི་མུ་ཏིག་སོགས་གསར་བརྗེའི་རིག་གནས་སློབ་གསོ་རྟེན་གཞིས་གསར་བརྗེའི་རྣམ་པ་ཟབ་མོ་མངོན་པར་བྱས་ཡོད། རང་འགུལ་ངང་བཙུགས་པའི་གསར་བརྗེའི་རྟེན་གཞིའི་འགྲེམས་ཁང་རེ་རེ་དང་གཏམ་རྒྱུད་མང་པོ་ལྡན་པའི་ཉར་ཚགས་དངོས་པོ་དེ་དག་གིས་བོད་བྱང་ཐང་གི་ཞིང་འབྲོག་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་ལ་བཅངས་པའི་དགའ་ཞེན་ཆེན་པོ་མཚོན་ཡོད་ལ། ནག་ཆུ་བ་རྣམས་ཀྱིས་བློ་གཅིག་སེམས་གཅིག་གིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་གདེང་ཚོད་མཚོན་ཡོད།

    སྐལ་བཟང་ཆོས་སྒྲོན། འབད་བརྩོན་ལྷོད་མེད་ཀྱིས་མི་ཚེའི་ངོ་མཚར་བཏོད་པ།

    འདི་ལོ་ལོ་28ལ་སླེབས་པའི་སྐལ་བཟང་ཆོས་སྒྲོན་ནི་དབང་སྐྱོན་ཚབས་ཆེན་ཡིན་པ་དང་དཔལ་མགོན་རྫོང་བལ་ལ་གྲོང་རྡལ་དམངས་ཕན་གྲོང་གསར་དུ་སྡོད་ཀྱི་ཡོད་ཅིང་། སྐྱེས་དུས་ནས་ལག་གཡས་པར་མཛུབ་མོ་གཉིས་དང་ལག་གཡོན་མར་མཛུབ་མོ་གཅིག་མེད་པ་མ་ཟད། ད་དུང་རྐང་པ་གཉིས་ཀར་སྐྱོན་ཡོད་པས་རྒྱུན་དུ་པུས་མོ་བཙུགས་ནས་འགྲོ་དགོས་ཀྱི་ཡོད།

    ཁོང་གཟུགས་པོ་ཆུང་ཡང་ངོ་གདོང་ལས་འཛུམ་མདངས་འཕྱུར་ཞིང་མིག་གཉིས་གྲུང་ཤ་དོད་པོ་ཡོད་པ་མ་ཟད། རིག་པ་གསལ་ཞིང་བྱང་ཆ་ཆེན་པོས་འཁེལ་འཐག་གི་ལས་ལ་ཞུགས་ནས་རང་གི་དྲང་ནུས་འཕེལ་བར་བྱེད་བཞིན་ཡོད།

    སྐལ་བཟང་ཆོས་སྒྲོན་ནི་འཚོ་བའི་དཀའ་སྡུག་ལ་མགོ་བོ་སྒུར་མཁན་ཞིག་མིན་པར་ལོ་10ལ་སླེབས་དུས་ཁོ་མོས་ཨ་མའི་ས་ནས་སྟབས་བདེའི་འཁེལ་འཐག་ལག་རྩལ་སྦྱངས་པ་དང་། ཕྱིས་སུ་བརྙན་ལམ་ལས་སྟེགས་ནས་སློབ་སྦྱོང་དང་འཚོལ་ཞིབ་བྱས་པ་བརྒྱུད་མཛུབ་མོ་ཚང་མེད་ཀྱང་བཟོ་ལྟ་སྣ་ཚོགས་ཀྱི་འཁེལ་འཐག་དངོས་པོ་སླ་ཤེས་ཀྱི་ཡོད། སྟབས་བདེའི་ལག་ཤུབས་དང་འགེལ་ཆས་ནས་རྙོག་འཛིང་ཆེ་བའི་རི་མོ་སླ་ཤེས་པ་མ་ཟད། ད་དུང་རང་གིས་ཁྱད་ལྡན་འཁེལ་འཐག་ཐོན་རྫས་ཀྱང་གཏོད་ཐུབ་ཡོད། ཁྲུང་ཁྲུང་སྐེ་ནག་དང་ངང་པ་སོགས་ཉེ་འགྲམ་གྱི་སྲོག་ཆགས་ཆུང་ཆུང་རྣམས་ཀྱང་སྐལ་བཟང་ཆོས་སྒྲོན་གྱི་འཁེལ་འཐག་བྱེད་པའི་དངོས་པོར་གྱུར་ཡོད།

    “གྲོང་ཁྱེར་དུ་འགྲན་བསྡུར་བྱས་ནས་འབྲས་བུ་བཟང་པོ་ཐོབ་རྗེས་རང་ཉིད་ལ་འབྲེལ་བ་བྱེད་མཁན་ཧ་ཅང་མང་པོ་འདུག གཞིས་རྩེ་དང་མངའ་རིས་སོགས་ནས་པར་བསྐུར་ཏེ་མངགས་བཟོ་བྱེད་མཁན་མང་པོ་འདུག་ལ་ཇ་ཁང་གི་སྦྱིན་བདག་གིས་རང་ཉིད་དང་འབྲེལ་བ་བྱས་ཏེ་བརྩམས་ཆོས་གསར་པ་སྐད་ཆ་འདྲི་ཡི་འདུག ཨ་མདོ་རྫོང་དང་གསེར་རྙེད་ཆུས། དེ་བཞིན་དེའི་ཉེ་འགྲམ་ཤང་དང་གྲོང་རྡལ་གྱི་མང་ཚོགས་དེར་ཆེད་མངགས་ལག་རྩལ་སྦྱོང་བར་ཡོང་གི་འདུག འདི་ལོ་རྩིས་ཤིག་བརྒྱབ་ན། ཆ་སྙོམས་ཟླ་རེར་མངགས་ཐོ་20ལྷག་ཙམ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་འདུག”ཅེས་སྐལ་བཟང་ཆོས་སྒྲོན་གྱིས་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ཁ་ཕྱེ་ནས་དེ་ལྟར་བཤད། འཁེལ་འཐག་ལ་བརྟེན་ནས་སྐལ་བཟང་ཆོས་སྒྲོན་གྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་གྲུབ་འབྲས་དང་བརྩི་འཇོག་ཐོབ་ཡོད།

    “འདི་ལོའི‘གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད’ཅེས་པའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་གྲུབ་འབྲས་བཟང་པོ་ཐོབ་ནས་ང་ཚོའི་གྲོང་རྡལ་གྱི་མང་ཚོགས་ལ་མིག་དཔེ་བཟང་པོ་བཏོན་ཡོད། སང་ལོ་དེའི་ནང་ཞུགས་པ་མ་ཟད། ཉེ་འགྲམ་གྱི་མིའི་སྣེ་ཁྲིད་དེ་ཕུལ་བྱུང་རྩལ་ནུས་བརྒྱུད་བསྒྲགས་ཐུབ་པ་བྱས་ནས་ང་ཚོ་བུད་མེད་ཚོའི་ལས་ལ་བརྩོན་ཞིང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་མངོན་པར་བྱེད་ཀྱི་ཡིན”སྐལ་བཟང་ཆོས་སྒྲོན་གྱི་སྙིང་སྟོབས་དེ་ལས་མི་ཚང་མར་སེམས་ཤུགས་ཆེན་པོ་སྐྱེས་ཡོད།

    དེ་གོང་སྐལ་བཟང་ཆོས་སྒྲོན་གྱིས་དྲ་བ་བརྒྱུད་ནས་ཕྱིར་ཚོང་བྱེད་མྱོང་ཡང་གྲུབ་འབྲས་དེ་ཙམ་ཐོབ་མེད། “གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོ་སྤེལ་ཚུན་ནག་ཆུའི་མང་ཚོགས་ཀྱིས་འབད་འབུངས་ཀྱི་བསམ་པ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས། ཁྱིམ་གྱི་སྒོ་རྩར་འགྲན་བསྡུར་ནང་ཞུགས་པ་དང་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་འགྲན་ར་ཆེ་ཤོས་སུ་བསྐྱོད་དེ་རང་ཉིད་དང་ཕ་ཡུལ་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད།

    “ཏང་གི་སྲིད་ཇུས་བཟང་པོ་དང་ཁྱེད་ཚོས་གསོ་སྐྱོང་དང་ལྕག་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བྱང་ཆུབ་ཆོས་སྒྲོན་དང་སྐད་ཆ་ཤོད་སྐབས་སྐལ་བཟང་ཆོས་སྒྲོན་གྱིས“ཀྲེན་ཀྲང་ལགས་ང་ཏང་ལ་ཞུགས་འདོད་འདུག ཏང་ལ་ཞུགས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་འདོད་འདུག”ཅེས་བློ་ཁོག་ཆེན་པོས་རང་ཉིད་ཀྱི་བསམ་འདུན་བཤད།

    བྱ་དགའ་དེ་དག་ནང་འབད་བརྩོན་དང་བློ་གྲོས་འདུས་ཡོད། སྐལ་བཟང་ཆོས་སྒྲོན་སྐད་གྲགས་ཆོད་པའི་མི་ཞིག་ཆགས་པ་མ་ཟད། སྔོན་ཐོན་མི་སྣས་འདོན་དགོས་ངེས་ཀྱི་ནུས་པའང་འདོན་སྤེལ་བྱས་ཡོད། གྲོང་ཚོའི་ནང་གི་གྲོང་མི་ཚེ་རིང་མཚོ་མོས་ཁོང་དགེ་རྒན་ལ་བསྟེན་པར་ཡོང་ནས་མི་རིང་བར་རང་རྐྱ་འཕེལ་ཐུབ་བཟོ་ཡོད་པ་རེད། “ཨ་ཅག་ཆོས་སྒྲོན་ལགས་ལག་རྩལ་ཡག་པོ་ཡོད་པ་མ་ཟད། མིའང་ཡག་པོ་ཡོད་པས་རང་ཉིད་ཀྱང་ཁོང་ལྟར་འགྲན་བསྡུར་ནང་ཞུགས་ནས་གྲུབ་འབྲས་བཟང་པོ་ཐོབ་ན་བསམ་གྱི་འདུག”ཚེ་རིང་མཚོ་མོས་རང་ཉིད་ལ་མ་ཤེས་པ་འཕྲད་ཚེ་ལམ་སེང་སྐལ་བཟང་ཆོས་སྒྲོན་ལ་སྐད་ཆ་འདྲི་བར་འགྲོ་ཡི་ཡོད་པ་རེད།

    དམངས་ཕན་གྲོང་གསར་དང་བལ་ལ་གྲོང་རྡལ་ལམ་ཡང་ན་ཉེ་འགྲམ་གྱི་གྲོང་ཚོའི་མང་ཚོགས་ཀྱིས་སྐལ་བཟང་ཆོས་སྒྲོན་གྱི་ཁྱིམ་དུ་ཡོང་བའམ་ཡང་ན་སྐད་འཕྲིན་ནས་རང་ཉིད་ཀྱིས་མ་ཤེས་པ་སྐད་ཆ་ཡང་ཡང་འདྲི་ཡི་ཡོད་པ་རེད། “ད་ལྟ་ངའི་སར་སློབ་སྦྱོང་བྱེད་མཁན་བཞི་བཅུ་ལྔ་བཅུ་ཙམ་ཡོད། རང་ཉིད་སྔོན་ཐོན་ལ་བདམས་པར་དངོས་གནས་སྤོབས་པ་སྐྱེ་ཡི་འདུག”ཅེས་སྐལ་བཟང་ཆོས་སྒྲོན་གྱིས་བཤད།

    རྡོ་རྗེ་དབང་གྲགས། རྒྱལ་གཅེས་ཆོས་གཅེས་དང་བསམ་སྦྱོར་གཅིག་མཐུན་ཡོང་བར་བྱས་པ།

    ཨ་མདོ་རྫོང་གནས་མོ་དགོན་གྱི་དགེ་འདུན་པ་རྡོ་རྗེ་དབང་གྲགས་འདི་ལོ་ལོ་26ལ་སླེབས་པ་དང་། ཁོང་ལ་བོད་ལྗོངས་ནང་བསྟན་སློབ་གླིང་སྔགས་རམས་པའི་སློབ་གནས་ཐོབ་པ་དང་ད་ཆ་དགོན་པའི་དཔེ་ཆའི་དགེ་རྒན་རེད།

    གནས་མོ་དགོན་ནི་རྒྱལ་མོ་རྔུལ་ཆུའི་ཆུ་འགོའི་མཚོ་ནག་མཚོ་འགྲམ་དུ་གནས་པ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དགོན་སྡེའི་ཆུ་དང་། གློག ལམ། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བ་དང་གྲྭ་ཤག་གྲལ་སྟར་འགྲིག་ཅིང་། དགེ་འདུན་པ་ཚོའི་འཚོ་བ་དང་སྒོམ་སྒྲུབ་སོགས་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། རྡོ་རྗེ་དབང་གྲགས་ཀྱི་གྲྭ་ཤག་ནང་སྐྱོད་སྐབས་ཚོམས་ཆེན་ནང་དཔེ་དེབ་སྣ་ཚོགས་བསྒྲིགས་ཡོད་པ་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང་། ཀྲུང་གོའི་ལོ་རྒྱུས། ཐང་དང་སུང་རྒྱལ་རབས་ཀྱི་སྙན་ཚིག རང་བྱུང་ཚན་རིག་དང་དེ་བཞིན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སོགས་ཀྱི་དཔེ་དེབ་དཔེ་སྒྲོམ་སྟེང་བསྒྲིགས་ཡོད་པས་ཧ་ཅང་མངོན་གསལ་དོད།

    མིག་སྔར“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་པས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཡིན་པའི་རྡོ་རྗེ་དབང་གྲགས་ཀྱིས་དུས་རྒྱུན་དུ་རང་དཔེ་གཞན་སྟོན་གྱི་སྒོ་ནས་ཤེས་བྱ་དང་གནས་ལུགས་དགོན་སྡེའི་དཔེ་ཁྲིད་དང་ཟུང་འབྲེལ་བྱས་ཏེ། གྲྭ་བཙུན་དང་མང་ཚོགས་ལ“ཆོས་ལུགས་ལས་རྒྱལ་ཁབ་གཙོ་བོ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་བོ། ཆོས་པ་ནི་དང་ཐོག་སྤྱི་དམངས་ཡིན་དགོས་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད།

    “གྲོང་གསེབ་དར་རྒྱས་ལ་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བྱེད་སྒོ་སྤེལ་རིང་རྡོ་རྗེ་དབང་གྲགས་ཀྱིས་མིང་ཐོ་བཀོད་དེ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གྱེར་འདོན་སོགས་ཀྱི་འགྲན་བསྡུར་ནང་ཞུགས་ནས་སྔ་རྗེས་སུ་གྲོང་ཁྱེར་རིམ་པའི་ཨང་དང་པོ་དང་ཨང་གཉིས་པ་ཐོབ་ཡོད།

    ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་བྱ་བ་ཡག་པོ་གླེང་བ་དང་། ཉེ་འགྲམ་གྱི་དོན་དག་གིས་ཉེ་འགྲམ་གྱི་མིར་སྐུལ་མ་གཏོང་དགོས། དགེ་འདུན་པ་ཚེ་རིང་ཚེ་གྲུབ་མཚོ་ནག་མཚོ་འགྲམ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཧུར་ཐག་སྦྱོང་བཞིན་ཡོད། སྒོར་རི་རྒྱལ་མཚན་དང་། རྒྱལ་མཚན་ཆོས་འབྱོར། བློ་བཟང་ཆོས་འཕེལ་བཅས་དགེ་འདུན་པ་གསུམ་གྱིས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་ཉིན་གཅིག་ནང“ཀྲུང་གོའི་ས་བཀྲ”བྲིས་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བསམ་པ་མཚོན་པར་བྱས་ཡོད། དགོན་སྡེའི་དགེ་འདུན་པ་ཚོས་མཉམ་དུ་སྔོ་ཚལ་བཏབ་པ་དང་གད་སྙིགས་བསྒྲུགས་ནས་འཚོ་བའི་རྣམ་པ་དང་ཁོར་ཡུག་བཟང་པོ་བཏོད་ཡོད། གནས་མོ་དགོན་པས་གཟའ་འཁོར་རེའི་རེས་གཟའ་ཟླ་བ་ལ་རྒྱལ་དར་སྒྲེང་བའི་མཛད་སྒོ་གཉེར་ནས་མེས་རྒྱལ་ལ་བཅངས་པའི་བླ་ན་མེད་པའི་གུས་ལུགས་མཚོན་པར་བྱེད་ཀྱི་ཡོད།

    བསམ་འཕེལ། ལག་རྩལ་མཁས་པས་གྲོང་གསེབ་དར་རྒྱས་ཀྱི་སྣེ་འཁྲིད་པ།

    2018ལོར། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་པན་ཐང་གྲོང་ཚོས་གྲོང་མིའི་ཚོགས་ཆེན་འཚོགས་ནས་ཞིང་འབྲོག་པའི་མཉམ་ལས་ཁང་འཛུགས་པའི་གཏན་འབེབས་བྱས་ཡོད། ཚོགས་ཆེན་ཐོག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཁས་ལེན་ནན་པོ་བྱས་ཡོད། ལོ་དེར་བསམ་འཕེལ་ལོ་30ཡིན་པ་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་ཁུར་བཞིན་ཡོད། ཁོང་གིས་རང་གི་བཅོལ་དངུལ་ནས་སྒོར་ཁྲི་24བཏོན་ནས་མ་རྐང་ནང་ཞུགས་ནས་མཉམ་ལས་ཁང་འཛུགས་པར་རྒྱབ་སྐྱོར་བྱས་པ་དང་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་པར་རོགས་རམ་བྱས་ཡོད།

    འབྲི་རུ་རྫོང་དུ་ལོ་ན་གཞོན་པའི་བསམ་འཕེལ་ནི་སྐད་གྲགས་ཆེ་བའི་ཕྱུག་འགྱུར་འཇོན་ཐང་ཅན་དང་། ལག་རྩལ་མཁས་ཅན། གཉེར་སྐྱོང་མཁས་ཅན་བཅས་རེད།

    ལོ་8ཀྱི་གོང་། ཁོང་གིས་རྐོ་འདྲུའི་འཕྲུལ་འཁོར་གཏོང་བའི་ལག་རྩལ་སྦྱངས་པ་དང་། ཉམས་བཟོ་ཇི་ལྟར་བྱེད་དགོས་པ་དང་སྐྱོན་ཤོར་སྐབས་ཇི་ལྟར་བཟོ་དགོས་པ་ལ་སོགས་པའི་གནད་དོན་དེ་དག་ལ་ཁོང་གིས་བསམ་གཞིག་བྱས་ནས་བཀོལ་སྤྱོད་བྱེད་པ་དང་མ་ཤེས་པ་འཕྲད་སྐབས་གཞན་ལ་སྐད་ཆ་འདྲི་ཡི་ཡོད། ལོ་གཅིག་ལྷག་ཙམ་རིང་དཀའ་ལས་རྒྱག་འདོད་པ་དང་བསམ་གཞིག་བྱེད་པར་དགའ་བའི་བསམ་འཕེལ་རྐོ་འདྲུའི་འཕྲུལ་འཁོར་གཏོང་བ་དང་ཉམས་བཟོ་སོགས་ཀྱི་ལག་རྩལ་བྱང་ཆུབ་པར་གྱུར་ཡོད། དེ་རྗེས་ཁོང་གིས་རྐོ་འདྲུའི་འཕྲུལ་འཁོར་དང་པོ་དེ་ཉོས་ནས་ཤག་ཆུ་གྲོང་རྡལ་དུ་ལས་སྒོ་འགན་གཙང་བླངས་པ་རེད།

    ཕྱུག་པོ་ཆགས་པའི་བསམ་འཕེལ་གྱིས་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་ནས། འབྲི་གཡག་གསོ་ཚགས་རྟེན་གཞི་དང་། ཁྱད་ལྡན་འབྲོག་ཁྱིམ་ཟ་ཁང་། རྐོ་འདྲུ་དང་འདོན་འཇུག་སོགས་ཀྱི་ཐོན་ལས་རྣམ་གྲངས་བསྟུད་མར་གཉེར་བ་རེད། ད་ཆ་མཉམ་ལས་ཁང་གི་གཞི་ཁྱོན་རགས་ཙམ་ཆགས་ནས་ལོ་རེའི་ཁེ་སྤོགས་སྒོར་ཁྲི་བརྒྱ་ལས་བརྒལ་གྱི་ཡོད།

    “མིག་སྔར་གྲོང་ཚོའི་ཡུམ་སྐྱབས་དང་བསྟན་འཛིན་ནོར་བུ་ངའི་སར་རྐོ་འདྲུའི་འཕྲུལ་འཁོར་དང་ལྡུག་འཁོར་གཏོང་སྟངས་སྦྱོང་གི་ཡོད། ཁོང་ཚོས་ལག་རྩལ་སྦྱངས་ནས་ཡོང་འབབ་བཏོད་ཡོད་ལ་གྲོང་ཚོའི་མཉམ་ལས་ཁང་གི་ལས་སྒོའང་ཕུན་སུམ་ཚོགས་སུ་བཏང་ཡོད”2021ལོར་བསམ་འཕེལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་རྗེས་འགན་འཁྲི་དང་ངར་ཤུགས་དེ་བས་ཆེ་རུ་སོང་ཞིང་། ཁོང་གིས་གྲོང་མིའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པ་དང་མི་སྒེར་གྱི་ཁེ་གྱོང་ལ་མི་བལྟོས་པར་དམངས་ལ་ཞབས་འདེགས་ཞུ་བའི་ཐད་སེམས་ནུས་ཡོད་རྒུས་གཞོལ་བཞིན་ཡོད།

    རིམས་ནད་ཐོན་རིང་། ཤག་ཆུ་གྲོང་རྡལ་གྱི་མང་ཚོགས་ཀྱི་འཚོ་བ་འགན་ལེན་ཡག་པོ་བྱ་ཆེད། གྲོང་རྡལ་གྱིས་བསམ་འཕེལ་ལ་གཅིག་གྱུར་ཐོག་དངོས་ཟོག་ཉོ་སྒྲུབ་དང་ཁག་བགོས་ཀྱི་ལས་འགན་གལ་ཆེན་སྤྲད་པ་རེད། ལས་འགན་འབྱོར་རྗེས་བསམ་འཕེལ་གྱིས་མ་དངུལ་སྒོར་ཁྲི་100གྲབས་གསོག་བྱས་ཏེ། མ་རྩ་སྔ་འདོན་གྱིས་ཉོ་སྒྲུབ་བྱས་ནས་འཚོ་བའི་ཐད་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་མི་དགོས་པའི་འགན་ལེན་བྱས་པ་རེད། “དཀའ་ངལ་ཇི་ཙམ་ཆེན་པོ་འཕྲད་ཚེ་དེ་ཙམ་གྱིས་དཔའ་ངར་ཆེན་པོས་གདོང་མཆོང་བྱེད་དགོས་པ་དང་། མང་ཚོགས་ལ་དགོས་མཁོ་ཇི་ཙམ་ཆེན་པོ་ཡོད་ཚེ་དེ་ཙམ་གྱིས་མདུན་དུ་སྐྱོད་དགོས། ང་རང་ཏང་ལ་ཞུགས་པའི་ཐོག་མའི་བསམ་འདུན་ནི་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན”ཞེས་ཁོང་གིས་བཤད་ཅིང་། མང་ཚོགས་ཀྱི་ཆེད་དུ་བསམ་འཕེལ་གྱིས་རྟག་ཏུ་ནུས་ཤུགས་ཡོད་ཚད་འདོན་གྱི་ཡོད།

    འདི་ལོ་རྫོང་རིམ་པའི་རྐོ་འདྲུའི་འཕྲུལ་འཁོར་གྱི་ལག་རྩལ་འགྲན་བསྡུར་ནང་བསམ་འཕེལ་ལ་ཨང་དང་པོ་ཐོབ་པ་དང་གྲོང་ཁྱེར་རིམ་པའི་འགྲན་བསྡུར་ནང་ཨང་གསུམ་པ་ཐོབ་པ་རེད། ལོ་ན་གཞོན་ལ་ངར་ཤུགས་ཆེ་བའི་བསམ་འཕེལ་གྱིས་དེར་བློ་ཡིད་ཚིམ་ནས་མ་བསྡད་པར།“སང་ལོར་ངེས་པར་དུ་གྲོང་ཁྱེར་རིམ་པའི་ཨང་དང་པོ་རག་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    “མི་ཚང་མས་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་། མིག་དཔེ་སྟོན་པ། གཟི་བརྗིད་བརྩོན་ལེན་བྱེད་པ། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བྱེད་པ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་ཡོད”ཤག་ཆུ་གྲོང་རྡལ་གྱི་ཀྲེན་ཀྲང་ཧྲི་ཏན་ཁྲེང་གིས། ཤག་ཆུ་གྲོང་རྡལ་དུ་ཡུལ་དེ་རང་གི་འཇོན་ཐང་ཅན་དང་ལག་རྩལ་མཁས་པ་ཁག་གཅིག་ཐོན་པ་དེས་གྲོང་གསེབ་ཀྱི་འཇོན་ཐང་ཅན་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་ནས། གྲོང་གསེབ་དར་རྒྱས་གཏོང་བར་འཇོན་ཐང་ཅན་མི་འདང་བའི་གནད་དོན་ཞི་ལྷོད་དུ་ཕྱིན་ཏེ། མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་དུ་གཏོང་བའི་ནུས་པ་ཡག་པོ་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མིག་གིས་མཐོང་ཐུབ་པའི་དཔེ་བཟང་ལ་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པ་དང་། ལག་གིས་ཟིན་ཐུབ་པའི་སྔོན་ཐོན་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེ་ཤོས་ལྡན་པ། སྦྱོང་ཐུབ་པའི་ཚད་ཤིང་ལ་འབོད་སྐུལ་གྱི་ནུས་པ་ཆེ་ཤོས་ལྡན་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས་དཔེ་མཚོན་ལ་བརྟེན་ནས་ལམ་སྟོན་དང་དཔེ་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།