གཅེས་སེམས་ཁེ་ལས་ཀྱིས་རྒན་གསོ་ཁང་གི་རྒན་རྒོན་ལ་འཚམས་འདྲི་བྱས་པ།
ཉེ་ཆར། བོད་ལྗོངས་རིག་འཕེལ་བོད་སྨན་རིག་གནས་རྒྱུན་འཛིན་ཚན་རྩལ་ཚད་ཡོད་ཀུང་སིས་ལས་མི་སྒྲིག་འཛུགས་བྱས་ཏེ་ལྷུན་གྲུབ་རྫོང་གི་རྒན་གསོ་ཁང་དུ་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
“སྤོ་ལགས། རྨོ་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་རྣམས་སྐུ་གཟུགས་གསལ་ཐང་དང་། སེམས་པ་སྐྱིད་པོ། ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་འདུན་ཞུ” འཚམས་འདྲི་བྱ་ཡུལ་དུ། ཀུང་སིའི་སྤྱི་ཁྱབ་ཅིང་ལི་སྐལ་བཟང་གཡང་འཛོམས་ཀྱིས་རྒན་གསོ་ཁང་གི་རྒན་རྒོན་ལ་བོད་སྨན་གྱི་ལུམས་ཕྱེ་དང་། ཀོ་ཡོལ། ནས་ནག་ཏན་ཞིམ་སོགས་གཅེས་སེམས་ལག་རྟགས་སྤྲད་ཁར། རྒན་རྒོན་ཚོ་དང་ལྷན་དུ་བདེ་ཐང་དང་དུས་རབས་གསར་པའི་འཚོ་བའི་སྐོར་གླེང་སྟེ་རྒན་རྒོན་ཚོའི་གདོང་ལས་འཛུམ་དམངས་འཕྱུར་ཞིང་། རྒན་གསོ་ཁང་དུ་དགའ་སྤྲོས་ཁེངས་བ་རེད།
སྐལ་བཟང་གཡང་འཛོམས་ཀྱིས། དམངས་གཉེར་ཁེ་ལས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་གང་ལེགས་ཚོར་བྱུང་། ང་ཚོའི་ཀུང་སི་དང་བོད་ལྗོངས་ན་གཞོན་ཁེ་ལས་མཁས་ཅན་ཚོང་ཚོགས་ཀྱི་ཁོངས་ཞུགས་ཁེ་ལས་ཀྱིས་མཉམ་དུ་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཏེ་ཞི་མཐུན་ལྡན་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་ཕུལ་བ་ཡིན། བྱེད་སྒོའི་རིང་། རྒན་རྒོན་ཚོའི་བག་དྲོ་བའི་ངོ་གདོང་དང་། མི་ཚེའི་ཕུན་སུམ་ཚོགས་པའི་མྱོང་བ། ངོ་གདོང་ལས་འཕྱུར་བའི་འཛུམ་མདངས་བཅས་ལས་ཚང་མས་ཞི་མཐུན་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བ་ཟབ་མོ་ཚོར་ཡོད། སླད་ཕྱིན་ཀུང་སིས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ་མུ་མཐུད་སྤེལ་ནས་གཅེས་སེམས་བརྒྱུད་སྤྲོད་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།