དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་2023ལོར་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་ཐེངས་དང་ཡོང་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-01-11

    གསར་འགོད་པར་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སླར་གསོ་བྱུང་ནས། སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་ཐེངས་དང་ཡོང་འབབ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་མི་ཐེངས་སྒོར་ཁྲི་5500དང་སྒོར་དུང་ཕྱུར་650ཟིན་ནས་83%དང་59.7%སོ་སོར་འཕར་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་སྣེ་ལེན་ཞུས་པའི་མི་ཐེངས་ཁྲི་2200དང་ཡོང་འབབ་སྒོར་དུང་ཕྱུར་29.72ཟིན་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

    འགྲིམ་འགྲུལ་འཐུས་སྒོ་ཚང་དུ་ཕྱིན་ནས་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཤིང་། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2023ལོར་དུས་གཏན་གནམ་གྲུ་འཕུར་བབས་ཐེངས་གྲངས་དང་། མཁའ་འགྲུལ་ཀུང་སིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད། མེ་འཁོར་བསྡད་དེ་བོད་དུ་འགྲོ་འོང་བྱེད་མཁན་འགྲུལ་པའི་གྲངས་འབོར་སོགས་གྲངས་གཞི་མང་པོ་ལས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2023ལོར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ལྷ་ས་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་ས་གནས་གསུམ་དབར་གྱི་སྐྱེལ་འདྲེན་ནུས་པའི་བཀོད་སྒྲིག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། དེའི་རིང་བོད་དུ་འགྲོ་འོང་བྱེད་པའི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཁྱོན་ཐེངས་1107བཏང་བ་དང་བོད་དུ་འགྲོ་འོང་བྱེད་པའི་མེ་འཁོར་མང་ཤོས་ཀྱི་དུས་མཚམས་སུ་ཉིན་རེར་ཆ་9བཏང་ཡོད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་མཁའ་འགྲུལ་ཀུང་སིར་མཐུན་སྦྱོར་ཧུར་ཐག་བྱས་ཏེ། བོད་ནས་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུའི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་མཁའ་ལམ་ལམ་ཐིག་ཁག་གཅིག་སླར་གསོ་དང་གསར་བཟོ་བྱས་པ་དང་། ལོ་ཧྲིལ་པོར་མཁའ་ལམ་ལམ་ཐིག་གསར་པ་14བཏོད་པ། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་4མང་དུ་བཏང་བ། ཀྲུང་གོ་དང་ཕྱི་རྒྱལ་གྱིས་མཉམ་དུ་མ་རྩ་བཞག་པའི་ཧི་མ་ལ་ཡ་མཁའ་འགྲུལ་ནང་འདྲེན་བྱས་ཡོད། མིག་སྔའི་བར་ཁྱོན་མཁའ་ལམ་ལམ་ཐིག་169དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་74 མཁའ་འགྲུལ་ཀུང་སི་12བཅས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་བོད་ཀྱིས་རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་རིག་གནས་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་རེད། རིག་གནས་དང་། ཡུལ་སྐོར། ཁམས་གསོ་བཅས་མཉམ་འདྲེས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ནས་འཕར་གཞི་གསར་པ་འཚོལ་ཞིབ་བྱེད་པ་དང་། G318དང་། G219 G349སོགས་ལམ་ཐིག་གི་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། མཛེས་ལྗོངས་ཁུལ་རྩེ་གྲ་10ཡན་གཏོད་པ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁམས་བདེ་དང་རྒྱལ་མཚམས་སྒྲོལ་ནས་ཡུལ་སྐོར་བྱེད་པ་སོགས་ཁྱད་ལྡན་ཐོན་རྫས་10ཡན་ཁྱབ་གདལ་གཏོང་བ། ཁྱད་ལྡན་གྲོང་གསེབ་15སྒྱུར་བཀོད་རིམ་སྤོར་བཅས་བྱེད་རྒྱུ་ཡིན་པ་རེད། ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་དང་སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་བར་མུ་མཐུད་དམ་འཛིན་ཡག་པོ་བྱེད་རྒྱུ་དང་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་20%ཡན་འཕར་རྒྱུ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡོང་འབབ་ཚང་མ་13%ཡན་འཕར་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།