དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམངས་འཚོའི་རྒྱུགས་ལན་ཡག་པོ་བཏབ། དམངས་ཀྱི་རེ་འདུན་གང་ལེགས་བསྐངས།

    འཐུས་མི་དང་། ཨུ་ཡོན། ལས་བྱེད་པ། མང་ཚོགས་བཅས་ཀྱིས་དམངས་འཚོའི་སྣང་ཚུལ་གསར་པར་གྲོས་བསྡུར་འཁྲུག་པོ་གནང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་དམིགས་ཚད་དུ་མུ་མཐུད་བརྩིས་ནས་དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་བཏང་ཡོད། ད་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.5%དང་10%ཙམ་སོ་སོར་འཕར་བ”དང“ནགས་བཟོ་ནགས་སྐྱོང་མུའུ་ཁྲི་120ལེགས་པར་བསྒྲུབས་པ”“ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད99%ཡན་ཟིན་པ”སོགས་ཀྱི་དམངས་འཚོའི་གྲུབ་འབྲས་ལ་དགའ་བསུ་ཆེན་པོ་དང་བསྔགས་བརྗོད་ཡང་ཡང་ཐོབ་པ་རེད།

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་དམངས་འཚོའི་གནད་དོན་ལ་དམིགས་ནས་གྲོས་བསྡུར་འཁྲུག་པོ་གནང་བ་རེད།

    སྨན་བཅོས་ནི་ཆེས་ཐད་ཀའི་དམངས་འཚོའི་དོན་གནད་ཀྱི་གྲས་རེད་ལ། མི་དམངས་ཀྱི་བདེ་ཐང་དང་བདེ་རྩར་ཡང་འབྲེལ་བ་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་བཀོད་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས། སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱ་སྐྱེད་ཐུབ་པར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཁྲེན་ཞི་ཡིས“2023ལོར་ང་ཚོས་ཏུང་ཀོན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས་དང་བོད་སྐྱོར་རོགས་སྐྱོར་ཐད་ཀྱི་འབྲེལ་གཏུག་སྤེལ་རེས་བྱས་ནས། བྲག་ཡིབ་ཆུས་ཀྱི་སྨན་བཅོས་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ཏེ་བོད་སྐྱོར་གྱི་གཙོ་གནད་རིམ་བཞིན་ལེགས་སྒྲིག་བྱས་པ་དང་། རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་མཐའ་འཁྱོངས་བྱས་པའི་ཁར། ཤང་དང་གྲོང་རྡལ་ལ་གཞི་རིམ་སྡེ་ཁུལ་སྨན་ཁང་གིས་ཁ་གཏད་བོད་སྐྱོར་བྱེད་པའི་བསྡུར་ཚད་མཐོ་རུ་བཏང་ཡོད།

    ཝང་ཁྲེན་ཞི་ཡིས་ངོ་སྤྲོད་གནང་བ་ལྟར་ན། 2023ལོ་ནས་བཟུང་བྲག་ཡིབ་ཆུས་ཀྱིས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་ཁྱོན་མ་དངུལ་བསྡོམས་འབོར་སྒོར་ཁྲི་9000ལྷག་ཙམ་བཏང་ནས། ཀླུ་ནང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་དྲོད་རླངས་དང་གསོ་རླུང་མཁོ་འདོན་རྣམ་གྲངས་དང་དེ་བཞིན་བཀྲ་ཤིས་སྒང་གྲོང་ཚོ་སོགས་གྲོང་ཚོ་རིམ་པའི་སྨན་དོན་ཁང་12ཀྱི་ཁང་གསུམ་ལོགས་དབྱེའི་ཚད་གཞི་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་དང་། བུ་ཆུ་ཤང་དང་དགུང་ཚང་ཤང་འཕྲོད་བསྟེན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་སྒྱུར་བཀོད་དང་དེ་བཞིན་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ནུས་པ་འཛུགས་སྐྱོང་རྣམ་གྲངས་བཏོད་ཅིང་། ནུས་པ་ལྡན་པའི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང(སྨན་རི་ཤང་འཕྲོད་བསྟེན་ཁང་དང་། ཉིང་ཁྲི་གྲོང་རྡལ་འཕྲོད་བསྟེན་ཁང་། བུ་ཆུ་ཤང་འཕྲོད་བསྟེན་ཁང)ཁག་གཅིག་ལ་ཚོད་ལྟ་བྱས་པ་མ་ཟད། གཞི་རིམ་གྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེར་གཏོང་འཆར་གཞི་དང་སྦེ་པ་གྲོང་རྡལ་འཕྲོད་བསྟེན་ཁང་གི་བོད་སྨན་ལུམས་བཅོས་རྣམ་གྲངས་དང་དེ་བཞིན་གྲོང་ཚོའི་སྨན་པ་གསོ་སྦྱོང་སོགས་ལ་སྐུལ་འདེད་བཏང་ནས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་དང་གཞི་རིམ་མང་ཚོགས་སྨན་པ་བསྟེན་པའི་ཉམས་ལེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དམངས་འཚོའི་དོན་གནད་གལ་ཆེན་ཡིན་པའི“རྒས་དུས་འཚོ་རྟེན་ཡོད་པར”དམིགས་ནས་རྒན་གསོའི་ཞབས་ཞུ་འཛུགས་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་དང་། རྒན་རྒོན་མི་ཉུང་བ་ཞིག་རང་ཁྱིམ་གྱི་སྒོ་རྩ་ནས་རྒན་གསོ་ཐུབ་པ་མངོན་དུ་འགྱུར་བཞིན་ཡོད།

    སྣང་རྫོང་ལྡེམ་མོ་ཤང་སྦི་གླིང་གྲོང་ཚོ་ནི་རང་བྱུང་གྲོང་ཚོ་3ལས་གྲུབ་པ་དང་གྲོང་ཚོའི་ནང་རྒན་རྒོན་གྱི་བསྡུར་གྲངས་25%ཙམ་ཟིན་ཁར་གྲོང་ཚོའི་ནང་མི་ཧྲེང་རྒན་རྒོན་ཅུང་མང་ཙམ་ཡོད། སྣང་རྫོང་ལྡེམ་མོ་ཤང་སྦི་གླིང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཧྲུའུ་ཅི་དང་པོ་ལས་དོན་རུ་ཁག་གི་རུ་དཔོན་ལི་ཧྥེ་ཡིས“གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི‘ཨུ་ལྷན་གཉིས’དང་མཐུན་སྦྱོར་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ་གཞི་ཁྱོན་རགས་ཙམ་ལྡན་པའི་གྲོང་གསེབ་ཀྱི་ཕན་བདེ་ཁང་བསྐྲུན་ཡོད། ད་ཆ་བགྲེས་སོང་ཚོས་ཕན་བདེ་ཁང་གི་སྒོ་རའི་ནང་མཉམ་དུ་ཁ་ལག་ཟ་བ་དང་། ཇ་འཐུང་བ། ཅི་འཕྲོས་མོལ་འཕྲོས་བྱེད་པ། གླུ་ལེན་གར་འཁྲབ་བཅས་བྱས་ནས་རྒན་རྒོན་གྱི་སྐྱིད་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད། ད་དུང་རྟག་པར་ལྟད་མོ་ཆེ་བའི་རིག་རྩལ་བྱེད་སྒོ་ཡང་ཡོད་པས་གང་ས་གང་དུ་སྐྱིད་པའི་དགོད་སྒྲས་ཁེངས་ཡོད”ཅེས་གསུངས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་སྒྲོལ་དཀར་གྱིས། 2023ལོར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས“དུད་ཁྱིམ་མང་པོར་རིག་གནས་ཁྱབ་གདལ་གཏོང་བ”དང“གཞི་རིམ་དུ་རིག་གནས་སྤེལ་བ”“གྲོང་གསེབ་ཏུ་ཟློས་གར་འཁྲབ་པ”སོགས་རིག་གནས་དམངས་ཕན་བྱེད་སྒོ་ཧུར་ཐག་སྤེལ་ནས་མི་སེར་གྱི་ཁྱིམ་དུ་རིག་གནས་དམངས་ཕན་གྱི་བྱེད་སྒོ་དངོས་ཁྱབ་པར་བྱས་ཤིང་། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དམངས་ཕན་བྱེད་སྒོ་ཐེངས་420ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་8.4ཟིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཏན་ཏན་གྱིས། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་པའི་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་དེ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། སྲིད་ཇུས་དྲིལ་བསྒྲགས། འོས་འགན་སྨན་བཅོས་བློ་འདྲི། དང་བླངས་ཞབས་ཞུ་བཅས་བྱས་ནས་དམངས་ཕན་སྲིད་ཇུས་དང་། བཅའ་ཁྲིམས། རིག་གནས། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི་ཤེས་བྱ་མང་ཚོགས་ལ་བསླབ་པ་དང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་དོན་པ་ཚོས་ཀྱང་པར་ཆས་དང་སྨྱུ་གུར་བརྟེན་ནས་མེས་རྒྱལ་གྱི་འཕོ་འགྱུར་ཆེན་པོ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་སོང་བ་དང་། ལྷག་པར་དུ། བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་བཅས་ཀྱི་གྲུབ་འབྲས་དངོས་སུ་མཚོན་པར་བྱས་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།