དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    གྲོས་རིམ་ཁག་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཟིན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་ཞུགས་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག རང་འགན་གཙང་སྒྲུབ་ནན་ཏན་བཅས་གནང་ནས་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་བཅས་ཀྱི་ལེའུ་གསར་པ་བརྩམས་ཡོད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ད་ཐེངས་ཀྱི་ཚོགས་ཆེན་དངོས་སྒྲུབ་ཕན་ཆེ་ཞིག་འཚོགས་པ་དེ་ནི་བསམ་བློ་གཅིག་གྱུར་དང་། ནུས་སེམས་གཅིག་སྒྲིལ། གསར་འབྱེད་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་ཞུགས་འཐུས་མི་དང་ཟུར་ཞུགས་མི་སྣ་ཡོངས་ཀྱིས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད་ལ། རྒྱང་ལམ་གསར་པར་འབད་འབུངས་དང་བྱས་རྗེས་གསར་པ་འཇོག་པའི་གདེང་ཚོད་དང་ཆོད་སེམས་ཀྱང་མངོན་ཡོད། ཚོགས་འདུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ཁག་ནང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ཞིབ་ཚགས་སུ་དང་གནད་ལ་འཁེལ་བ་དང་། གྲུབ་འབྲས་ཕྱོགས་སྡོམ་དངོས་ཐོག་བདེན་འཚོལ། ལས་དོན་བཀོད་སྒྲིག་གི་བསམ་ཕྱོགས་ཁ་གསལ་བཅས་བྱུང་སྟེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དེ་བས་འགྱུར་མེད་ཀྱི་ཆོད་སེམས་དང་དེ་བས་ཞུམ་མེད་ཀྱི་འཐབ་སེམས་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་སྔར་བས་སྐུལ་ལྕག་ཐེབས་ངེས་རེད།

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་བཅས་རེད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་འདི་ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། ད་ཐེངས་ཀྱི་ཚོགས་འདུར་འདི་ལོའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་གཙོ་གནད་ལས་འགན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་དང་སྐུ་ངོ་མས་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་མ་ཟད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དེ་དག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་ཞིག་རེད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲོག་ཤིང་གི་སྟོབས་ཤུགས་དང་། འགྲོ་ལམ་གྱི་སྟོབས་ཤུགས། བདེན་དོན་གྱི་སྟོབས་ཤུགས་བཅས་གཏིང་ཟབ་རྟོགས་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་རྒྱུན་ཆད་མེད་པར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།

    དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་འཇུག་སྒོ་གནད་འཁེལ་འཚོལ་བ་དང་། རང་རྟོགས་ངང་རང་ངོས་ཀྱི་ལས་དོན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་སྐུལ་འདེད་གཏོང་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་འགན་འཁྲི་སྒྲུབ་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ“འཛུགས་གཏོད་བཞིའི”འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ལ་བློ་གྲོས་ལྡན་པའི་གྲོས་འགོ་མང་ཙམ་འདོན་པ་དང་། གསར་གཏོད་ཀྱི་ཐབས་ཇུས་མང་ཙམ་འབུལ་བ། དངོས་སྒྲུབ་ཀྱི་བྱེད་ཐབས་མང་ཙམ་འདོན་པ་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་བྱ་ཐབས་ལ་སྟངས་འཛིན་བྱས་ནས་བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བ་དང་། ས་གནས་ས་ཐོག་ཏུ་མང་ཙམ་སྐྱོད་པ་མཐའ་འཁྱོངས། ལས་ཀའི་སྤྱི་ཡོངས་ལ་སྟངས་འཛིན། དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། བརྟག་ཞིབ་གཏིང་ཟབ་དང་ཞིབ་འཇུག་གཏིང་ཟབ་བཅས་བྱས་ནས། ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་བྱེད་ཐབས་ལ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་དང་། ཉམས་མྱོང་བཟང་པོ་དེ་བས་མང་བ་ཁྲིམས་སྲོལ་དང་ལམ་ལུགས་སུ་བསྒྱུར་བ། ཁྲིམས་འཛུགས་དང་ལྟ་སྐུལ་ཐད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

    མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱེད་པའི་ལེགས་ཆ་གང་ལེགས་བཏོན་ཏེ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་བྱེད་ཐབས་མཐའ་འཁྱོངས་ཀྱིས། གཞི་རིམ་གྱི་གནས་ཚུལ་དང་མང་ཚོགས་ཀྱི་འབོད་སྒྲ་དུས་ཐོག་ཏུ་གསལ་པོ་ཤེས་པར་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་དམངས་གཙོ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དེ་བས་མཚོན་པར་བཅས་བྱེད་དགོས།

    ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་རྗེས་ལས་བྱེད་པ་ནི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་རེད། ལས་བྱེད་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་བརྟན་པོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་གོང་དུ་བཀུར་བ། ཧུར་བསྲི་འགན་འཁུར་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྟོགས་ངང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་གཅིག་སྡུད་ཤུགས་འདོན་གྱི་གཙོ་གནད་དུ་བརྩིས་ནས། ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གང་དུ་སྤེལ་ན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་སྤེལ་བ་དང་། སྟོབས་ཤུགས་དེ་གར་གཅིག་སྡུད། ནུས་པ་དེ་གར་འདོན་སྤེལ་བཅས་བྱེད་དགོས། ཐེག་པ་འཁུར་ལེན་མཁས་པོ་བྱས་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་དང་། སྲིད་ཇུས་སྟངས་འཛིན་དང་བེད་སྤྱོད་ཀྱི་འཇོན་ཐང་། ལས་དོན་ལ་ཞིབ་འཇུག་དང་ཇུས་འགོད་བྱེད་པའི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་བཏང་ནས་ལས་ཀའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ནས་འགོ་འཛུགས་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། སྤྱི་འདོམས་བཀོད་སྒྲིག་ལ་དམ་འཛིན་ཡག་པོ། ལས་འགན་རེ་རེ་བཞིན་ཁག་བགོས། འགན་འཁྲི་རིམ་བཞིན་ནན་གཏོང་བཅས་བྱས་ཏེ་ས་ཁུལ་དེ་ག་དང་། ཁོངས་གཏོགས་དེ་ག སྡེ་ཚན་དེ་ག་བཅས་ཀྱི་ལས་དོན་ཁག་གི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་སྐུལ་འདེད་བཏང་ནས། ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། རང་འགན་ནན་སྲུང་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཕུལ་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།