དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་སྦྱིན་པ།

    རང་ལྗོངས་ཀྱིས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་དཔེ་ཁང་ཞིག་ཏུ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་མང་ཚོགས་ལ་ཤེས་བྱའི་བདག་དབང་སྐོར་གྱི་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།

    ཤེས་བྱའི་བདག་དབང་གི་ཆ་འཕྲིན་སྤྱད་དེ་ཁེ་ལས་གསར་གཏོད་དང་འཕེལ་རྒྱས་ཡོང་བར་བྱས་པ།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཤེས་བྱའི་བདག་དབང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཟོས་ནས་བཀོད་སྒྲིག་བྱས་པས་གཉེར་སྐྱོང་བྱེད་པོའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་མ་ཟད། སྤྱི་ཚོགས་ངོས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་འབྲེལ་ཡོད་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ནས། གངས་ལྗོངས་ས་མཐོར་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་རྣམ་པ་གསར་པ་བསུས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་གོ་ཆོད་ཚོང་རྟགས་ཐོ་འགོད་བྱེད་ཚད་ཁྲི་5.581ཟིན་པ་དེ་དུས་མཚུངས་ལས་17.6%འཕར་བ་དང་། གསར་གཏོད་ཁེ་བེད་བདག་ཐོབ་1065ཟིན་པ་དེ་དུས་མཚུངས་ལས་16%འཕར་བ། རིན་ཐང་མཐོ་བའི་གསར་གཏོད་ཁེ་བེད་བདག་ཐོབ་517ཟིན་པ་དེ་དུས་མཚུངས་ལས་11.9%འཕར་ཞིང་། གོ་ཆོད་ཚོང་རྟགས་ཐོ་འགོད་བྱེད་ཚད་དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་གོ་ཆོད་ཚད་གཉིས་ཀ་གྲངས་གནས་གཉིས་འཕར་བྱུང་བ་རེད།

    རང་ལྗོངས་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་ས་ཁུལ་མང་ཆེ་བའི་ས་བབ་སྨི་4000ལྷག་ཙམ་ཟིན་པས“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་ཀྱི་ཡོད། 2019ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས“སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུའི་ཐབས་ཇུས་བཀོད་སྒྲིག་བྱས་ཤིང་། བོད་ཀྱི་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི(གཤམ་དུ“སའི་གོ་ལའི་སྣེ་གསུམ་པའི་ཀུང་སི”ཞེས་བསྡུ་རྒྱུ)ནི“སའི་གོ་ལའི་སྣེ་གསུམ་པའི”ཚོང་རྟགས་ཡོད་མཁན་དང་གཉེར་སྐྱོང་བྱེད་མཁན་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་རང་བྱུང་འཐུང་ཆུ་དང་། ནས། སྦྲང་རྩི་སོགས་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་བཏང་བ་རེད།

    “ཀུང་སིས་ཤེས་བྱའི་བདག་དབང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས‘སའི་གོ་ལའི་སྣེ་གསུམ་པའི’ཚོང་རྟགས་ཐོ་འགོད་ཀྱི་འདུན་ཞུ་མང་པོ་ཕུལ་བས་ཚོང་ཟོག་དང་ཞབས་ཞུའི་རིགས་45ཡི་ཐོ་འགོད་སྤྱིར་ན་མངོན་འགྱུར་བྱུང་ཡོད། མིག་སྔར་ཀུང་སིས‘སའི་གོ་ལའི་སྣེ་གསུམ་པའི’ཚོང་རྟགས་ལ་རྒྱལ་སྒྲོལ་སྲུང་སྐྱོང་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་དང་ས་ཁུལ་12ལ་ཚོང་རྟགས་ཐོ་འགོད་ཀྱི་འདུན་ཞུ་ཕུལ་ཡོད”སའི་གོ་ལའི་སྣེ་གསུམ་པའི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལེའང་ཅུན་ཁྲའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སིས་ཚོང་རྟགས་ཀྱི་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་བཀག་ལྟར་ཚོང་རྟགས་ལ་ལྟ་སྐུལ་ཚོད་འཛིན་བྱས་ཏེ“མཁར་སྲུང་ཆུ་འོབས”ཀྱི་སྤུས་རྟགས་བཏོད་ནས“སྤུས་རྟགས་བོད་དར་དང་ཐོན་ལས་བོད་དར”ལ་རམ་འདེགས་བྱས་པ་རེད།

    ཚོང་རྟགས་སྤུས་རྟགས་དོ་དམ་ལས་དོན་ལ་བརྟེན་ནས་སའི་གོ་ལའི་སྣེ་གསུམ་པའི་ཀུང་སིས་རེ་ཞུ་ཕུལ་བའི“ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་བཏོད་དེ་ཐོན་ལས་ཀྱི་སྒུལ་ནུས་གསར་པར་སྐུལ་འདེད་གཏོང”ཞེས་པ་དེ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་དཔྱད་འདེམས་བྱས་པའི་ཚོང་རྟགས་སྤུས་རྟགས་གཏོད་པའི་ཕུལ་བྱུང་དཔེ་མཚོན་ཞིག་ཡིན་པ་རེད།

    “སའི་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་རིན་ཐང་མགྱོགས་མྱུར་འཕར་བ་དེ་རང་ལྗོངས་ཀྱི་གཉེར་སྐྱོང་བྱེད་པོས་ཤེས་བྱའི་བདག་དབང་སྤྱད་ནས་གསར་གཏོད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་དཔེ་མཚོན་ཞིག་རེད། ཉེ་བའི་ལོ་ཤས་རིང་དཔེ་མཚོན་དེ་རིགས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།

    སྲུང་སྐྱོང་སྲིད་ཇུས་བཏོན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

    ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཤེས་བྱའི་བདག་དབང་གི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རྩེ་རིམ་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། 2022ལོར་རང་སྐྱོང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་ལྷན་ཞུགས་ཚོགས་འདུའི་ཐོག《〈ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྩ་གནད(2021ལོ་ནས་2035ལོའི་བར)ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》བཟོས་པ་དང་།《〈ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྩ་གནད(2021ལོ་ནས་2035ལོའི་བར)〉དང〈“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་འཆར་གཞི〉ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་སྐུལ་སྤེལ་འཆར་གཞི》བཏོན་པ། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་འཆར་གཞི》སོགས་བྱེད་ཐབས་སྒྲིག་བཟོ་བྱས་ནས། ལྗོངས་ཡོངས་ཀྱི་ཤེས་བྱའི་བདག་དབང་ལས་དོན་སྤེལ་བར་མཛུབ་ཁྲིད་བྱས་པ་རེད།

    2023ལོ་ནས་བཟུང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས(ཤེས་བྱའི་བདག་དབང་ཅུས)ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་དམིགས་ནས་སྲིད་ཇུས་དང་བྱ་ཐབས་བཏོན་ཡོད། ཅུས་དེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་མཉམ་དུ《ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་གི་རྩོད་གཞིར་ཁ་གཏད་གཅོག་པའི་ལམ་སྲོལ་འཛུགས་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་ཕྱི་ཕྱོགས་ཚོང་དོན་དང་། མ་འཇོག དཔལ་འབྱོར་ལག་རྩལ་མཉམ་ལས་བཅས་ཀྱི་ཁྲོད་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཤུགས་སྣོན་བརྒྱབ་པ་དང་། ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་གི་རོགས་སྐྱོབ་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ། རང་ལྗོངས་ཀྱི་ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་གི་རྩོད་གཞིར་ཁ་གཏད་གཅོག་པའི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། 《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཤེས་བྱའི་བདག་དབང་སྲིད་འཛིན་སྲུང་སྐྱོང་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས། ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་གི་དབང་གནོད་བྱེད་སྤྱོད་ལ་རྒྱུན་མཐུད་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱས་ནས། ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་ལས་དོན་གྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཤེས་བྱའི་བདག་དབང་གི་སྲིད་འཛིན་སྲུང་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ་རེད།

    ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲོམ་རའི་དྲང་གཞག་གི་འགྲན་རྩོད་སྒྲིག་ལམ་སྲུང་སྐྱོང་བྱས་པ།

    2020ལོའི་ཟླ་3པ་ནས་2021ལོའི་ཟླ་5པའི་བར། ཕེང་ཆེ་གེ་མོས་སྔ་རྗེས་སུ་ཐོ་འགོད་ཚོང་རྟགས་ཀྱི་མཚོན་རྟགས་དང་། ཨ་རག་ཤེལ་དམ་སྟོང་པ། སིལ་འཚོང་ཨ་རག་སོགས་ཉོས་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་ཞིག་གི་བོགས་གཏོང་ཁང་པའི་ནང་གྲགས་ཅན་ཚོང་རྟགས་ཀྱི་ཨ་རག་རྫུས་མ་ཐོན་སྐྱེད་བྱས་པ་དང་འབྲེལ་བྲིན་ཚོང་ཡང་བྱས་པ་རེད། 2021ལོའི་ཟླ་5ཚེས་25ཉིན་སྤྱི་བདེ་ལས་ཁུངས་ཀྱིས་ཕེང་ཆེ་གེ་མོ་བཟུང་བ་མ་ཟད། ཀུའེ་ཀྲོའུ་མའོ་ཐའེ་དང་། ཝུའུ་ལེང་ཡེ། གོ་ཅའོ1573 ཅན་ནན་ཁྲུན་བཅས་གྲགས་ཅན་ཚོང་རྟགས་ཀྱི་ཨ་རག་རྫུས་མ་ཤེལ་དམ་710དང་གྲགས་ཅན་ཚོང་རྟགས་ཀྱི་ཨ་རག་དཀར་པོ་རྫུས་མ་ཐོན་སྐྱེད་ལ་སྤྱོད་པའི་དངོས་རྫས་བཀག་བཅུག་བྱས་པ་རེད།

    འབྲེལ་ཡོད་སྒྲིག་གཞིས་ཞིབ་བཤེར་བྱས་པ་བརྒྱུད། གོང་གསལ་གྱི་ཨ་རག་དཀར་པོའི་ཤེལ་དམ་710ཚང་མ་ཐོ་འགོད་ཚོང་རྟགས་རྫུན་མའི་ཚོང་ཟོག་ཡིན་པས་དབང་གནོད་ཐོན་རྫས་ཀྱི་རིན་ཐང་ཁྱོན་སྒོར་ཁྲི་90ལྷག་ཙམ་ཟིན་ཡོད་པ་རེད།

    ཁྲིམས་ཁང་ནས་ངོས་བཅད་བྱས་དོན། ཞུ་སྦྱོར་ཕྱི་མ་ཕེང་ཆེ་གེ་མོས་ཐོ་འགོད་ཚོང་རྟགས་ཀྱི་བདག་པོའི་ཆོག་མཆན་མ་བརྒྱུད་པར་ཚོང་ཟོག་རིགས་གཅིག་ལ་ཐོ་འགོད་བྱས་པའི་ཚོང་རྟགས་དང་གཅིག་མཚུངས་ཀྱི་ཚོང་རྟགས་སྤྱད་པས་ཉེས་ཚབས་ཤིན་ཏུ་ཆེ་བ་དང་། དེའི་བྱེད་སྤྱོད་ནི་ཐོ་འགོད་ཚོང་རྟགས་རྫུན་བཟོའི་བྱས་ཉེས་བསགས་པ་ཞིག་རེད། ཕེང་ཆེ་གེ་མོས་རང་ཉིད་ཀྱི་བྱས་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པས། ཁྲིམས་ལྟར་ཉེས་པ་ཆག་ཡང་གཏོང་ཆོག་གི་ཡོད། ཉེས་ཁྲིམས་ཀྱི་དོན་ཚན་213གྱི་གཏན་འབེབས་གཞིར་བཟུང་། ཕེང་ཆེ་གེ་མོས་ཐོ་འགོད་ཚོང་རྟགས་རྫུན་བཟོ་བྱས་པའི་བྱས་ཉེས་ལ་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་དྲུག་གི་ཉེས་པ་བཅད་པ་དང་སྦྲགས་དངུལ་ཆད་སྒོར་ཁྲི་48བཅད་པ་རེད། གྱོད་དོན་དུ་བཙན་ཉར་བྱས་པའི་ཐོ་བཀོད་ཚོང་རྟགས་རྫུན་མའི་ཚོང་ཟོག་བཙན་ཉར་ལས་ཁུངས་ཀྱིས་མེད་པར་བཟོས་པ་རེད།

    གྱོད་གཞི་དེའི་དཔྱད་མཚམས་སྒྲོག་སྦྱང་བྱས་པ་ལས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པའི་ཆོད་སེམས་བརྟན་པོ་མངོན་པ་མ་ཟད། སྤྱི་ཚོགས་ཐོག་མི་གཞན་གྱི་ཚོང་རྟགས་རྫུས་མ་བཟོ་བའི་བྱེད་སྤྱོད་དེ་དམངས་དོན་དབང་གནོད་ཀྱི་བྱེད་སྤྱོད་ཁོ་ན་མ་ཡིན་པར་གནས་ཚུལ་ཚབས་ཆེན་པོ་ཡོད་ཚེ་ཉེས་གསོག་གི་ཚད་གཞིར་སླེབས་ནས་བཅའ་ཁྲིམས་ཀྱི་ཆད་པ་ཕོག་གི་ཡོད་པ་གསལ་སྟོན་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། རང་བརྟེན་གསར་གཏོད་དང་ཚན་རྩལ་ཡར་ཐོན་ལ་སྲུང་སྐྱོང་ཤུགས་ཆེན་བྱས་པ། ཁྲོམ་རའི་དྲང་གཞག་འགྲན་རྩོད་ཀྱི་སྒྲིག་ལམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།