དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་ཡོམ་བརྒྱབ་རྗེས་ཀྱི་མཚོ་སྔོན་མཚོ་ཤར་གྱི་བསྐྱར་སྐྲུན་བྱ་ཡུལ་དུ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་ཡུང་། ཝང་མེ།   |     སྤེལ་དུས།  2024-01-09

    ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། བ་ཡན་ཧུད་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་གྱི་མིར་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་རེད།

    2023ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་1ཙམ་ལ། ཆུ་ཚོད་288བསྟུད་མར་འབད་འཐབ་བྱས་པ་བརྒྱུད། མཚོ་སྔོན་མཚོ་ཤར་གྱི་ས་ཡོམ་གེགས་ཁུལ་ནས་འབྲེལ་ཆད་མི་སྣ་མཇུག་ཤོས་དེ་རྙེད་པ་དང་། ཐེངས་འདིའི་ས་ཡོམ་ནང་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྱི་མི་34རྐྱེན་ལམ་དུ་ཤོར་ཞིང་། འཚོལ་སྐྱོབ་ལས་དོན་ཡོངས་སུ་མཇུག་བསྒྲིལ་བ་དང་བསྟུན་ནས། གེགས་རྗེས་ལས་དོན་གྱི་གཙོ་གནད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་དང་རྨས་མ་སྐྱོབ་བཅོས་སོགས་ལ་བསྒྱུར་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་བརྒྱུད་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    སྤྱི་ཐབ་དང་བྲལ་ཞིང་བཀོད་སྒྲིག་ཁང་པ་ནས་ལྟོ་ཆས་ཀྱི་དྲི་ཞིམ་འཐུལ།

    ས་སྲོད་ཀྱི་སྐབས་སུ། ཝང་ཁྲུན་མེའི“སྡོད་ཁང་གསར་པའི”ཐབ་ཆས་ནས་རླངས་པ་འཚུབ་ཅིང་དྲི་ཞིམ་གང་སར་འཐུལ། དྲ་མིག་ཡོད་པའི་སྒེའུ་ཁུང་ནས་འཕྲོས་པའི་གློག་སྒྲོན་གྱི་འོད་སྣང་དེས་གྲང་ངར་ཆེ་བའི་རི་གྲོང་ཆུང་ཆུང་དེ་ཡང་དྲོ་སོབ་སོབ་ཏུ་གྱུར།

    “ཉིན་འདི་དག་རིང་ཟ་མ་སོ་སོས་བཟོས་པ་ཡིན། དེ་རིང་གི་སྣུམ་སྲེག་བག་ལེབ་འདི་ནི་སྤྲད་མ་ཐག་པའི་གྲོ་ཞིབ་དང་སྣུམ་གྱིས་བཟོས་པ་ཡིན” འདི་ལོར་ལོ་39ཡིན་པའི་ཝང་ཁྲུན་མེ་དང་། ཁོ་མོའི་ཁྱོ་ག་ཀྲུའུ་ཐིང་ཏེ། ལོ་གསུམ་དང་ལོ་ཕྱེད་ལ་སླེབས་པའི་བུ། ཁོང་མོའི་པཱ་ལགས་བཅས་ནང་མི་བཞི་པོ་མིན་ཧོ་རྫོང་ཀོན་ཀྲུང་གྲོང་ཚོའི་འབྲུ་རིགས་ས་ཚིགས་ཀྱི་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་ཁང་པའི་ནང་བསྡད་ཡོད་ལ། ཉིན་ལྟར་འཚོ་བའི་དངོས་ཟོག་སྤྲོད་ཀྱི་ཡོད་པ་དང་ཐབ་ཆས་ཀྱང་ཆ་ཚང་ཡོད་པས་སྤྱི་ཐབ་ནས་ཟ་མི་དགོས་པའི་ནང་མི་བཞི་པོས་ཉིན་ལྟར་ལྟོ་ཞིམ་པོ་ཞིག་བཟོ་བར་བསམ་བློ་གཏོང་གི་ཡོད་པ་རེད།

    གནམ་ལོ་གསར་ཚེས་ཀྱི་རྗེས་སུ། མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་ཀོན་ཏུང་གྲོང་ཚོ་ཅི་ཐའེ་ལམ་དུ་ཡོད་པའི་བཀོད་སྒྲིག་བྱ་ཡུལ་དུ་ཆུ་བཤལ་གཏོང་ཐུབ་པའི་གསང་སྤྱོད་4བཀོད་སྒྲིག་བྱས་པའི་ཁར་ཆུ་བཤལ་གཏོང་མི་ཐུབ་པའི་གསང་སྤྱོད་11བཀོད་སྒྲིག་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་ཡོད་པ་རེད། གཞན་ཡང་། དེ་གར་ད་དུང་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ཀྱང་བསྒར་བ་མ་ཟད་བཙོག་ཆུ་འབུད་སྒོ་ཐད་ཀར་ཀྲུང་ཁྲོན་ཤང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་སྦྲེལ་ཡོད་པས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་བས་གཙང་སྦྲ་དོད་པོ་ཆགས་ཡོད། ཆུ་བཤལ་གཏོང་ཐུབ་པའི་གསང་སྤྱོད་འགྲམ་གྱི་ཁྲུས་ཁང་གསར་རྐྱང་ལས་མཚོ་ཤར་གྲོང་ཁྱེར་གྱིས་གེགས་རྗེས་བཀོད་སྒྲིག་ལས་དོན་སྤེལ་བའི་མྱུར་ཚད་དང་ཞིབ་ཆ་ལྷག་པར་མངོན་ཡོད།

    “ང་ཚོས་གནོད་འཚེ་ཕོག་པའི་མང་ཚོགས་སྐབས་འཕྲལ་བཀོད་སྒྲིག་ལས་དོན་གྱི་ཇུས་གཞི་ཞིབ་ཕྲ་བཟོས་ཡོད། རྫོང་གསུམ་གྱིས་མང་ཚོགས་བར་བརྒལ་བཀོད་སྒྲིག་རིང་གི་དགོས་མཁོ་ལེབ་བཤེར་བྱས་རྗེས་རིམ་རྩིས་བརྒྱབ་ན་སྟབས་བདེའི་ཁང་པ་3507(ལྕགས་ལེབ་ཀྱི་སྟབས་བདེའི་ཁང་པ་170ཚུད་པ)བརྒྱབ་པའི་ནང་དུད་ཚང་3880ཡི་མི་16055སྤོས་ཡོད། བགྲོད་ལམ་ཀྱག་ཀྱོག་ཆེ་བས་སྟབས་བདེའི་ཁང་པ་རྒྱག་བདེ་པོ་མེད་པའི་རི་ཁུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཡུལ་བབ་དང་བསྟུན་ནས་སྲིང་བལ་བར་འཚང་ཅན་གྱི་གུར་བརྒྱབ་ནས་བཀོད་སྒྲིག་བྱས་ཤིང་། མིག་སྔར་གུར་ནང་དུད་ཚང་1473གྱི་མི་7050བཀོད་སྒྲིག་བྱས་ཡོད”ཅེས་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཙོའུ་ཁྲེན་མིང་གིས་ངོ་སྤྲོད་བྱས།

    གེགས་རྗེས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ནུས་ལྡན་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་གུར་དང་། ཉལ་ཁྲི། ཕོ་ཁེབས་དང་ཉལ་གདན། སྲིང་བལ་བར་འཚང་ཅན་གྱི་ལྭ་རིང་། དྲོད་ལེན་སྒྲིག་ཆས་སོགས་ཁྱོན་ཆ་ཚང་ཁྲི་7.5དང་རྡོ་སོལ་ཏུན་3800སྤྲད་པ་དང་ཆབས་ཅིག ཤ་དང་། སྒོ་ང་། འབྲས། སྣུམ། གྲོ་ཞིབ། འོ་མ་སོགས་མི་དམངས་ཤོག་སྒོར་ཁྲི་4010རི་བའི་འཚོ་བའི་དངོས་ཟོག་སྣ་ཚོགས་ཕར་སྤྲད་པ་རེད།

    “མི་རེར་ཐབས་ཇུས་རེའི”སྨན་བཅོས་ཞིབ་ཚགས་བྱས་པས་རྨས་མ་རེ་རེ་བཞིན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ།

    “རེ་ཐག་ཆད་མྱོང་ཡོད་། སྐབས་དེ་དུས་གསོན་གང་ཐུབ་བྱ་རྒྱུ་ལས་གཞན་ཅི་ཡང་དྲན་གྱི་མི་འདུག མཐར་སྲོག་ཉེན་ལས་ཐར་ཙམ་བྱུང” དེ་རིང་ནི་མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་ལཱ་ཅཱ་གྲོང་ཚོའི་གྲོང་མི་ལི་ཡུང་ཁྲུན་མིན་ཧོ་རྫོང་སྨན་ཁང་དུ་ནད་སྡོད་སྨན་བཅོས་བྱས་པའི་ཉིན་བཅུ་དྲུག་པ་ཡིན་ཞིང་། ས་ཡོམ་བརྒྱབ་པའི་དགོང་མོ་དེ་ཕྱིར་དྲན་བྱེད་སྐབས་ཁོང་གིས་དེ་ལྟར་བཤད།

    ས་ཡོམ་སྐབས་ལི་ཡུང་ཁྲུན་གྱི་རྩིབས་མ་ཁ་ཤས་ཆག་ཀྱང་། གཙོ་བཅོས་སྨན་པ་ཀྲང་གོ་ཅུན་དང་ཁོང་གི་ཆུང་མའི་སྨན་བཅོས་ལྟ་སྐྱོང་འོག ལི་ཡུང་ཁྲུན་ཟླ་1ཚེས་4ཉིན་གྱི་ཞོགས་པར་སྨན་ཁང་ནས་དོན་ཏེ་སྔ་ས་ནས་གྲ་སྒྲིག་བྱས་པའི་སྟབས་བདེའི་ཁང་པའི་ནང་ལོག་པ་རེད།

    སྨན་ཁང་དེའི་ཟུག་གཟེར་ཚན་ཁག་གི་ནད་ཁང་དུ། ལོ་65ལ་སླེབས་པའི་ཅིན་ཙི་མེ་ས་ཡོམ་གྱིས་རྐྱེན་པས་རྩིབས་མ་ཆག་པ་སོགས་རྨས་སྐྱོན་ཕོག་པར་ཕྱོགས་མང་པོས་སྐྱོབ་བཅོས་བྱས་མཐར་ད་ཆ་ནད་གཞི་ཡང་དུ་ཕྱིན་ནས་ག་ལེར་དྲག་སྐྱེད་ཡོང་གི་ཡོད་པ་དང་། “དགོང་མོ་དེར། ང་དང་ཚ་བོ་མཉམ་དུ་ཉལ་ཡོད་པར་གློ་བུར་དུ་རྩིག་པ་བརྡིབས་སོང”ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་ཁོ་མོ་དང་འདྲ་བར་རྩིབས་མ་ཆག་པའི་ཚ་བོ་ཆུང་ཆུང་ཀྲུའུ་ཚའེ་ལིང་ཡོངས་སུ་དྲག་སྟེ་སྨན་ཁང་ནས་དོན་ཚར་པ་དང་། མི་རིང་བར་སྨན་ཁང་ནས་དོན་རྒྱུ་ཡིན་པའི་རྨོ་བོ་བསྒུགས་ནས་བསྡད་ཡོད་པ་རེད།

    ད་རེས་ཀྱི་ས་ཡོམ་ལས་མཚོ་ཤར་གྲོང་ཁྱེར་གྱི་མིན་ཧོ་རྫོང་དང་། བ་ཡན་རྫོང་། ཡ་རྫི་རྫོང་བཅས་ཀྱི་མི་196རྨས་ཡོད་པ་དང་། རྨས་མ་དེ་དག་ཚང་མ་དུས་ཐོག་ཏུ་སྐྱོབ་བཅོས་ནུས་ལྡན་བྱུང་ཡོད། མིག་སྔར། སྨན་ཁང་དུ་རྨས་མ་95ཡོད་པའི་ནང་སྲོག་ཉེན་ཡོད་པའི་ནད་པ་3དང་། ནད་པ་ལྕི་བ་12དང་ཡང་བ་80བཅས་ཡོད། རིམ་རྩིས་བྱས་ན། སྨན་བཅོས་བྱས་ནས་སྨན་ཁང་ནས་དོན་མཁན་101ཡོད། སྲོག་ཉེན་ཡོད་པའི་ནད་པ་དང་ནད་གཞི་ལྕི་བ་ཚང་མ་གཅིག་སྡུད་དུ་ཞིང་ཆེན་རིམ་པའི་སྨན་ཁང་དུ་སྐྱོབ་བཅོས་བྱེད་བཞིན་ཡོད།

    “ས་ཡོམ་བརྒྱབ་རྗེས། མིན་ཧོ་རྫོང་སྨན་ཁང་གིས་འཕྲལ་མར་རྨས་མ་150ཙམ་རྩིས་བླངས་པ་དང། རྨས་མ་ཁག་གཅིག་ཞིང་ཆེན་རིམ་པའི་སྨན་ཁང་ལ་བསྒྱུར་བ་ཕུད་དེ་བྱིངས་ཚང་མ་ང་ཚོས་སྐྱོབ་བཅོས་བྱས་ནས་རིམ་བཞིན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་ཡོད། ཟླ་1ཚེས་4ཉིན་བར་སྨན་ཁང་ལ་སྡོད་མཁན་རྨས་མ་14ཡོད་པ་དེ་དག་ཚང་མ་གཟའ་འཁོར་རྗེས་མར་སྨན་ཁང་ནས་དོན་རྒྱུ་རེད”ཅེས་ལི་དབན་ཧྥུང་གིས་གསར་འགོད་པར་བཤད་བྱུང་།

    ས་ཡོམ་བརྒྱབ་རྗེས། མཚོ་ཤར་གྲོང་ཁྱེར་གྱིས་འཕྲལ་དུ་སྨན་དོན་པ་1682བསྡུས་པ་དང་། རོགས་སྐྱོབ་རླངས་འཁོར་76བཏང་ནས་རྨས་མ་དབོར་བ་དང་སྐྱོབ་བཅོས་ལས་ལ་ཞུགས་པ་མ་ཟད། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་སྐྱོབ་བཅོས་སྨན་ཁང་13གྱིས་སྨན་པ་བསྟེན་ས་ཡོད་པ་བྱས་ཏེ་ནད་ཁྲི་540དང་མྱུར་སྐྱོབ་རླངས་འཁོར་30གྲ་སྒྲིག་ཨང་བསར་བྱས་ཡོད། “ནད་གཞི་ལྕི་བ་དུས་ཐོག་ཏུ་ཞིང་ཆེན་རིམ་པར་བསྒྱུར་བ་དང་ནད་གཞི་ཡང་བ་རྫོང་རིམ་པར་སྶྨན་བཅོས་བྱས་པ”མ་ཟད། རྨས་མ་ལྕི་བ་ཚང་མ་འཕྲལ་མར་ཞིང་ཆེན་སྨན་ཁང་ལ་སྐྱོབ་བཅོས་བྱེད་པར་བསྐྱལ་བ་དང་། ཞིང་ཆེན་ལྟེ་གནས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་ཆེད་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས“མི་རེར་ཇུས་རེ་འདོན་པ་དང་། ཉིན་ལྟར་ནད་དཔྱད་བྱེད་པའི”སྐྱོབ་བཅོས་ཀྱི་བྱ་ཐབས་ལག་ལེན་བསྟར་ཞིང་། དེའི་རིང་པེ་ཅིང་ཞེ་ཧོ་དང་ཅི་ཧྲུའེ་ཐན་སོགས་སྨན་ཁང་གི་རིགས་གཅིག་མཁས་ཅན་ཐེངས་མང་གདན་དྲངས་ཏེ་རྒྱང་བསྟེན་དང་ས་གནས་ས་ཐོག་ཏུ་ནད་དཔྱད་ཀྱིས་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་ཡོད། རྨས་མ་ཡང་བ་དག་ཐག་ཉེ་སའི་གྲོང་ཁུལ་གྱི་རྫོང་རིམ་པའི་སྨན་ཁང་ལ་གཅིག་སྡུད་སྐྱོབ་བཅོས་བྱས་ཤིང་། ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་ས་ཚིགས་སུ་བསྡད་དེ་མཛུབ་ཁྲིད་དང་ཉིན་ལྟར་ནད་གཞི་བརྟག་དཔྱད་དང་བརྡར་གཅོད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱོབ་བཅོས་ཚད་ལྡན་ཡོང་བར་བྱས་ཡོད།

    སྟབས་བདེའི་ཁང་པར་གནས་སྐབས་ཀྱི་སློབ་ཁང་བཀོད་སྒྲིག་བྱས་ནས་སློབ་མ་རྣམས་ལ་ཕྱོགས་ཡོངས་ནས་སློབ་ཚན་ཚོགས་འགོ་བཙུགས་པ།

    སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་སྟབས་བདེའི་ཁང་པ་དཀར་པོ་སྟར་པ་རེ་རེ་བྱས་ནས་གྲལ་འགྲིག་པོར་གནས། སློབ་ཁང་དུ་སློབ་ཁྲིད་འགོ་ཚུགས་པའི་མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་ལྟེ་བའི་སློབ་གྲྭའི་སྟབས་བདེའི་ཁང་པའི་སློབ་ཁང་ནས་སློབ་མ་ཚོས་དཔེ་ཆ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས་འོང་།

    ཟླ་1ཚེས་2ཉིན་ནི་ཅི་ཧྲི་ཧྲན་ལ་ས་ཡོམ་རིམ་པ་6.2བརྒྱབ་རྗེས་མཚོ་སྔོན་ཡོམ་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཚང་མ་ཕྱོགས་ཡོངས་ནས་སློབ་འགོ་ཚུགས་པ་དང་སློབ་ཚན་ཡང་ཁྲིད་འགོ་ཚུགས་པའི་ཉིན་མོ་ཡིན་ཞིང་། ཉིན་དེའི་ཞོགས་པ་སྔ་པོར་སློབ་མ་དང་ཁྱིམ་བདག་ཚོ་སློབ་གྲྭའི་སྒོ་ཁར་བསྒུགས་ནས་ཡོད། “ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་དང་རོགས་རམ་ལ་བརྟེན་ནས་ང་ཚོའི་སློབ་གྲྭ་རྒྱུན་གཏན་ལྟར་སློབ་ཚན་བདེ་བླག་ངང་ཚོགས་ཐུབ་སོང་། མིག་སྔར་སློབ་འབྲིང་གི་སློབ་མ་ཚང་མ་མིན་ཧོ་སློབ་འབྲིང་བཞི་པར་བཀོད་སྒྲིག་བྱས་པ་ཕུད་དེ་བྱིངས་ཀྱི་སློབ་མ་960ཚང་མ་སྟབས་བདེའི་ཁང་པར་བཀོད་སྒྲིག་བྱས་ནས་སློབ་ཚན་ཡང་བསྐྱར་འགོ་འཛུགས་ཐུབ་ཡོད”ཅེས་ཀོན་ཐིང་གྲོང་རྡལ་ལྟེ་བའི་སློབ་གྲྭའི་སློབ་སྤྱི་ཝང་ཤན་ཀྲེན་གྱིས་བཤད།

    མིན་ཧོ་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ལི་ཧྲེང་ཁོའོ་ཡིས། 2023ལོའི་ཟླ་12ཚེས་26ཉིན་སྟབས་བདེའི་ཁང་པ་རྒྱག་རྒྱུའི་ཐག་བཅད་ནས་ཚེས་27ཉིན་ལས་འགོ་བརྩམས་པ་དང་། ཚེས་28ཉིན་གྱི་མཚན་གང་པོར་ཁང་པ་བརྒྱབ་ཚར་བ་བྱས་ཡོད། ད་ཆ་ཀོན་ཐིང་གྲོང་རྡལ་ལྟེ་བའི་སློབ་གྲྭར་སྟབས་བདེའི་ཁང་པར་བརྒྱབ་པའི་སློབ་ཁང་28ཡོད་པ་དང་། དེ་དག་ནང་དྲོད་ལེན་ཡོ་ཆས་བསྒར་བ་དེས་ཁང་པའི་སྒེའུ་ཁུང་ཕྱེ་ཡང་ཉིན་གུང་རྗེས་ལའང་དྲོད་ཚད་ཧྲེ་ཧྲི་ཏུའུ་22ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།

    སློབ་ཁང་ནང་གློག་འོད་ཁྲ་ཆིལ་ལེར་འབར་བ་དང་། སྒྲོག་ཙེ་གསར་པའི་གཞོགས་གཡས་སུ་སློབ་དེབ་དང་སྦྱོང་ཚན་གྲལ་འགྲིག་ནས་བཞག་ལ། སློབ་ཁང་ཚང་མར་རང་རང་གི་ཁྱད་ཆོས་མངོན་ནས“སྡུག་བསྲན་དང་། ཡིད་ཆེས། དྲིན་ཚོར། རེ་བ”བཅས་ཀྱི་བརྗོད་དོན་མཚོན་ཡོད་པ་མ་ཟད། ཕྲུ་གུ་ཚོའི་ཁྲ་ཆུང་མིག་ནས་རེ་བ་མངོན་ཞིང་ངོ་གདོང་ནས་བཟོད་བསྲན་ཕོད་པའི་རྣམ་འགྱུར་ཞིག་མངོན། མིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་ལྟེ་བའི་སློབ་གྲྭར་ཕྱོགས་ཡོངས་ནས་སློབ་ཚན་ཚོགས་འགོ་ཚུགས་པ་ནི་མཚོ་ཤར་གྲོང་རྡལ་དུ་ཕྱོགས་ཡོངས་ནས་སློབ་འགོ་བསྐྱར་ཚུགས་དང་སློབ་ཚན་ཁྲིད་འགོ་ཚུགས་པའི་བསྡུས་རིས་ཙམ་ཞིག་ཡིན།

    “ཟླ་1ཚེས་2ཉིན་ནས་བཟུང་། མིན་ཧོ་རྫོང་དང་། བ་ཡན་རྫོང་། ཡ་རྫི་རྫོང་བཅས་ཀྱི་སློབ་མཚམས་བཞག་པའི་སློབ་མ་རྣམས་ལ་སློབ་ཁང་དུ་ཕྱོགས་ཡོངས་ནས་སློབ་ཚན་ཚོགས་འགོ་བཙུགས་ནས་སློབ་འགོ་ཚུགས་ཚད་100%ཟིན་ཡོད”ཅེས་མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ལི་ཚུད་ཧུང་གིས་བཤད།

    ལི་ཚུད་ཧུང་གིས་ཅི་ཧྲི་ཧྲན་ལ་ས་ཡོམ་རིམ་པ་6.2བརྒྱབ་པའི་རྗེས། མཚོ་ཤར་གྲོང་ཁྱེར་ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་མིན་ཧོ་རྫོང་དང་། བ་ཡན་རྫོང་། ཡ་རྫི་རྫོང་བཅས་ཀྱི་སློབ་གྲྭ་འབྲིང་ཆུང་371གི་སློབ་མ་126337སློབ་མཚམས་འཇོག་དགོས་བྱུང་ཡོད། ཞིང་ཆེན་དང་གྲོང་ཁྱེར་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་གེགས་བར་བྱུང་བའི་རྫོང་ལ་མཛུབ་ཁྲིད་བྱས་ཏེ་སྟབས་བདེའི་ཁང་པར་སློབ་ཁང་37བཀོད་སྒྲིག་བྱས་ནས་སློབ་མ་1119བཀོད་སྒྲིག་བྱས་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་2193དང་མཐོ་འབྲིང་དཀྱུས་མའི་སློབ་མ་941ཁག་བགོས་ཏེ“སློབ་གྲྭ་རེར་ཐབས་ཇུས་རེ”བཏོན་ནས་དྲ་ཐོག་དང་དྲ་ཕྱི་དང་། ས་གནས་ཁག་ལ་གཏོང་བ་དང་རང་སར་བཀོད་སྒྲིག་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་གེགས་ཁུལ་དུ་རྒྱུན་གཏན་ལྟར་སློབ་གསོ་དང་སློབ་ཁྲིད་གང་མགྱོགས་སླར་གསོ་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།