བོད་ལྗོངས་ཤན་རྩར“ས་མཐོ་ཡང་མཐོའི”ཉི་ནུས་ཀྱི་དྲོད་ གཅིག་སྡུད་མཁོ་འདོན་བྱེད་འགོ་ཚུགས་པ།
འདི་ནི་དྲོད་མཁོ་འདོན་ལས་གྲྭའི་བཀོལ་སྤྱོད་བདག་སྐྱོང་དོ་དམ་ཕྱོགས་ཀྱི་ཤན་རྩའི་ས་གཙང་གྲོང་སྲིད་དོ་དམ་ཚད་ཡོད་ཀུང་སིའི་ཅིང་ལི་དབྱང་ཚན་ཁུའེ(རྒྱབ)དང་ལས་རོགས་ཀྱིས་དོ་དམ་མ་ལག་ཐོག་ནས་དྲོད་མཁོ་འདོན་མ་ལག་འཁོར་རྒྱུག་བྱེད་ཚུལ་ལ་ལྟ་བཞིན་པ།
འདི་ནི་ཤན་རྩ་རྫོང་གྲོང་གི་དྲོད་གཅིག་སྡུད་མཁོ་འདོན་རྣམ་གྲངས་ཀྱི་ཉི་ནུས་ཐང་ཡིན་པ།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ནི་བོད་བྱང་རྒྱུད་ཀྱི་ས་མཐོའི་དབུས་ཁུལ་དུ་གནས་ཤིང་། རྫོང་གྲོང་གི་ས་བབ་མཐོ་ཚད་ལ་སྨི་4700ཟིན་པ་དང་དགུན་དུས་གྲང་ངར་ཧ་ཅང་ཆེ། དེ་སྔོན་དེར་ཡོད་པའི་མི་རྣམས་དགུན་དུས་ལྕི་བ་འབུད་ནས་དྲོད་ལེན་ཐབས་བྱེད་ཀྱི་ཡོད། 2019ལོར་ཤན་རྩ་རྫོང་གྲོང་དུ་ཉི་ནུས་ཀྱི་དྲོད་གཅིག་སྡུད་མཁོ་འདོན་བྱས་པས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་མ་ཟད། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཀྱང་ཉུང་དུ་ཕྱིན་ཡོད།
ཤན་རྩ་རྫོང་གྲོང་གི་གཅིག་སྡུད་དྲོད་མཁོ་འདོན་རྣམ་གྲངས་ཀྱི་ཉི་ནུས་ཐང་ལ་རྒྱ་ཁྱོན་སྨི་ངོས་གྲུ་18000ཙམ་ཡོད་པ་དང་ཉི་ནུས་ཀྱི་དྲོད་གཅིག་སྡུད་མཁོ་འདོན་ཡོ་ཆས་དེ་ཉི་མའི་འཁོར་རྒྱུག་ལ་བརྟེན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། ཟླ་བདུན་གྱི་དྲོད་ལེན་དུས་ཚིགས་ནང་རྫོང་གྲོང་གི་གྲོང་མིར་ཉིན་མཚན་དབྱེར་མེད་ངང་དྲོད་མཁོ་འདོན་བྱེད་ཀྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཤན་རྩ་རྫོང་དུ་གྲོང་མི་2900ལ་ཉི་ནུས་ཀྱི་དྲོད་གཅིག་སྡུད་མཁོ་འདོན་ཐུབ་ཅིང་དེས་རྫོང་གྲོང་གི་གྲོང་མིའི་80%ཙམ་བཟུང་ཡོད།