དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོ་འདི་ཉིད་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་ཆེན་པོར་གྱུར་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ནི་ཀྲུང་གོ《ཁེ་བེད་བདག་ཐོབ་ཀྱི་མཉམ་ལས་ཆིངས་ཡིག》(PCT)འཇོག་མཁན་གྲས་སུ་ཞུགས་ནས་ལོ་30འཁོར་བའི་ལོ་རེད། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུར་ཀྲུང་གོ་ཕྱོགས་ཀྱིས་ཁེ་བེད་བདག་ཐོབ་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་ཤེས་བྱའི་བདག་དབང་གི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་ཐབས་ངོ་སྤྲོད་བྱེད་སྐབས། ཀྲུང་གོས་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཀྱི་མཉམ་ལས་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། མིང་དོན་མཚུངས་པའི་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་ཆེན་པོར་གྱུར་པ་དང་འཛམ་གླིང་གསར་གཏོད་ཁྱབ་ཁོངས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད་ཅེས་བརྗོད།

    དབང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཀྱི་མཉམ་ལས་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། PCTའཇོག་མཁན་གྲས་སུ་ཞུགས་ནས་ལོ་30སོང་རིང་། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ནང་གི་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད་ལ། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་དང་ཕན་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་ཀྱང་བྱས་ཡོད། ཀྲུང་གོའི་འདུན་ཞུ་པས་PCTབརྒྱུད་དེ་བསྐྱལ་བའི་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་ལོ་བཞི་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། “ཀྲུང་གོ་འདི་ཉིད་མིང་དོན་མཚུངས་པའི་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་ཆེན་པོར་གྱུར་པ་དང་འཛམ་གླིང་གསར་གཏོད་ཁྱབ་ཁོངས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད”ཅེས་བརྗོད།

    དབང་ཝུན་པིན་གྱིས། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པ་ནི་གསར་གཏོད་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཀྲུང་གོས་ཁེ་བེད་བདག་ཐོབ་ཀྱི་ལག་རྩལ་འདེགས་སྐྱོར་དུ་བྱས་ནས་ཤེས་བྱའི་བདག་དབང་གི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་གསར་གཏོད་ཀྱི་གསོན་ཤུགས་གང་མགྱོགས་འཕེལ་བར་བྱས་ཡོད། མིག་སྔར། གོ་ལ་ཧྲིལ་པོར་ཀྲུང་གོའི་ཉི་ནུས་གློག་རྫས་ཀྱི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་ཁྲི་12.64ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། གོ་ལ་ཧྲིལ་པོར་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་འཚོང་ཚད་མདུན་གྲལ་བཅུར་སླེབས་པའི་གཙོ་གནད་ཁེ་ལས་ཀྱི་གོ་ཆོད་པའི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་10ལས་བརྒལ་ནས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་སྐུལ་ཁྲིད་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོར་རམ་འདེགས་བྱེད་ཀྱི་ཡོད་ཅེས་བརྗོད།

    “ཀྲུང་གོས་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་རྒྱུན་མཐུད་བཏོད་པས། ཕྱི་རྒྱལ་གྱི་འདུན་ཞུ་པས་ཀྲུང་གོར་ཚོང་ལས་བྱེད་སྒོ་སྤེལ་བ་དང་ཤེས་བྱའི་བདག་དབང་གི་བཀོད་ཇུས་འགོད་པའི་འདུན་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད” གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་10ཡི་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱིས་ཀྲུང་གོར་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་ཚད་ཁྲི་25.3ཟིན་ནས་ལོ་རེར་ཆ་སྙོམས་5.4%འཕར་ཡོད། 2022ལོའི་ལོ་མཇུག་བར། ཀྲུང་གོར་ཕྱི་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་གོ་ཆོད་ཚད་ཁྲི་86.1ཟིན་ཏེ་དུས་མཚུངས་ལས་4.5%འཕར་བ་དེ་ཐོག་ནས་ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱིས་ཀྲུང་གོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཁས་ལེན་གང་ལེགས་བྱེད་པ་མཚོན་ཡོད་ཅེས་དབང་ཝུན་པིན་གྱིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།