དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཀྲུང་གོ་ཕྱོགས་ཀྱི་བདག་སྐྱོང་མཚོ་ཁོངས་སུ་རྒྱལ་སྤྱིའི་མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཁྲིད་པར་སྔ་ཕྱི་བར་གསུམ་དུ་དགའ་བསུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཞན་དག་དང་དེ་བཞིན་གློག་འཕྲིན་ཁེ་ལས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་བདག་སྐྱོང་མཚོ་ཁོངས་སུ་རྒྱལ་སྤྱིའི་མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཁྲིད་པར་སྔ་ཕྱི་བར་གསུམ་དུ་དགའ་བསུ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་དང་མཉམ་ལས་བྱས་ནས་རྒྱལ་སྤྱིའི་མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཁྲིད་པར་ལྕག་སྐུལ་ཧུར་ཐག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》ཐོག་དེ་གོང་གནས་ཚུལ་སྤེལ་ནས་ཀྲུང་གོས“རྙོག་འཛིང་ཆེ་བའི”ཞིབ་མཆན་བརྒྱུད་རིམ་དང“དམ་ཞིང་ནན་པའི”ཚོད་འཛིན་ཆ་རྐྱེན་བཏོན་ནས། ལྷོ་རྒྱ་མཚོ་བརྒྱུད་དེ་མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཁྲིད་པ་དང་ཉམས་གསོའི་འཆར་གཞི་ལག་བསྟར་བྱེད་པར“བཀག་འགོག”བྱས་པས། ཆུན་སྒྲིལ་གློག་སྐུད་ཁྲིད་མཁན་ཀུང་སིས་ལྷོ་རྒྱ་མཚོར་གཡོལ་ནས་ཁྲིད་དགོས་བྱུང་ཡོད་ཟེར་བ་དང་། 《རི་པིན་གྱི་དཔལ་འབྱོར་གསར་འགྱུར》ཐོག་ཏུའང་ཀྲུང་གོའི་ལྷོ་རྒྱ་མཚོའི་མཚོ་ཁོངས་བརྒྱུད་དགོས་པའི་མཚོ་གཏིང་ཆུན་སྒྲིལ་གློག་ལམ་རྣམ་གྲངས་ཁག་གཅིག་ཀྲུང་གོའི་གཙོ་གཉེར་སྒྲིག་གཞིའི་ཞིབ་བཤེར་ཆོག་མཆན་བརྒྱུད་རིམ“རྙོག་འཛིང་ཆེ་བ”ལས་འཕེལ་རིམ་འགོར་པོ་ཡོད་ཅེས་པའི་གནས་ཚུལ་ཡང་སྤེལ་བར། ཀྲུང་གོ་ཕྱོགས་ནས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    མའོ་ཉིང་གིས་མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ནི་གོ་ལ་ཧྲིལ་པོའི་གྲངས་གཞི་སྤེལ་རེས་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་རེད། དེས་གོ་ལ་ཧྲིལ་པོའི་ཀྲོའུ་དབར་གྱི་འཕྲིན་གཏོང་བཞུར་ཚད་99%ཡི་ཐེག་འགན་འཁུར་གྱི་ཡོད། དེའང་དེང་རབས་རྒྱལ་སྤྱིའི་འཕྲིན་གཏོང་གི་ཆ་འཕྲིན་གཞི་རྟེན་གལ་ཆེ་ཤོས་ཤིག་རེད། དུས་ཡུན་རིང་པོའི་ནང་ཀྲུང་གོས་དྲ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཚུད་པའི་གོ་ལ་ཧྲིལ་པོའི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས་ཀྲུང་གོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང《མཚོ་ཁོངས་བེད་སྤྱོད་དོ་དམ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》 《མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཁྲིད་པའི་མདོང་ལམ་དོ་དམ་གཏན་འབེབས》 《མཚོ་གཏིང་ཆུན་སྒྲིལ་གློག་སྐུད་མདོང་ལམ་སྲུང་སྐྱོང་གཏན་འབེབས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་བཏོན་ཏེ། རྒྱལ་ཁབ་ཁག་ལ་ཀྲུང་གོ་ཕྱོགས་ཀྱི་བདག་སྐྱོང་མཚོ་ཁོངས་སུ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཁྲིད་པའི་དབང་ཆ་དང་དེ་བཞིན་འཁུར་དགོས་པའི་འོས་འགན་གསལ་པོར་བཏོན་ནས། རྒྱལ་སྤྱིའི་མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ཀྲུང་གོ་ཕྱོགས་ཀྱི་བདག་སྐྱོང་མཚོ་ཁོངས་ནས་སྒྲོལ་བར་ཁྲིམས་ལུགས་ཀྱི་འགན་ལེན་ཡག་པོ་བྱས་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཕྱོགས་གཉིས་དང་། ས་ཁོངས། རྒྱལ་སྤྱི་བཅས་ཀྱི་གླེང་མོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཚོ་གཏིང་ཆུན་སྒྲིལ་གློག་སྐུད་སོགས་གོ་ལ་ཧྲིལ་པོའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མཚོ་གཏིང་ཆུན་སྒྲིལ་གློག་སྐུད་ལ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་པ། གོ་ལ་ཧྲིལ་པོའི་གྲངས་འཛིན་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། དེ་བས་དྲང་གཞག་ལུགས་མཐུན་དང་། བདེ་འཇགས་བརྟན་ལྷིང་། གསོན་ཤུགས་ལྡན་པ་བཅས་ཀྱི་དྲ་རྒྱའི་བར་མཐོངས་གཏོད་པ་བཅས་བྱས་ནས། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།