ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་5ལ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་ཀྲུང་གོའི་ཐའེ་དབན་ས་ཁུལ་ལ་མཚོན་ཆ་འཚོང་བ་དང་ཀྲུང་གོའི་དངོས་ཚན་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་པའི་ཐད་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་5ལ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བརྗོད་པ་རེད།
གསར་འགོད་པ་ཞིག་གིས། ཉེ་དུས་ཨ་རིས་ཐའེ་དབན་ལ་མཚོན་ཆ་འཚོང་བའི་རེས་སྐོར་གསར་པའི་འཆར་གཞི་བཏོན་པ་དང་འབྲེལ་ཁ་སྣ་ཚོགས་གཡར་ནས་ཀྲུང་གོའི་ཁེ་ལས་དང་མི་སྒེར་ལ་བཀག་སྡོམ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཞེས་བསྟན་ཡོད་པས། མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱི་ཞིབ་ཕྲའི་བྱེད་ཐབས་ངོ་སྤྲོད་གནང་རོགས་ཞེས་བཤད།
མགྲིན་ཚབ་པས། ཨ་རིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་ལྷག་པར་དུ“བརྒྱད་པའི་བཅུ་བདུན”གྱི་སྤྱི་བསྒྲགས་ལས་མངོན་སུམ་འཛེམ་མེད་ངང་འགལ་ནས་ཀྲུང་གོའི་ཐའེ་དབན་ས་ཁུལ་ལ་མཚོན་ཆ་འཚོང་བ་དང་ཁ་གཡར་ས་སྣ་ཚོགས་བཙལ་ནས་ཀྲུང་གོའི་ཁེ་ལས་དང་མི་སྒེར་ལ་ཁྲིམས་དང་མ་མཐུན་པར་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཐའེ་དབན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་བ། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་མི་སྒེར་གྱི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ཡི་རངས་གཏན་ནས་མི་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཨ་རི་ཕྱོགས་ལ་སྐད་ཆ་དྲང་ནན་བྱ་རྒྱུ་ཡིན་ལུགས་བཏོན་ཡོད་ཅེས་བརྗོད།
“ངས་ནན་བཤད་བྱ་རྒྱུར། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པ་དང་ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བློ་བརྟན་འགྱུར་མེད་རེད། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ཏན་ཏིག་ཞུ་དགོས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྟན་པོར་སྲུང་དགོས་པ། ཐའེ་དབན་ལ་མཚོན་ཆ་འཚོང་མཚམས་འཇོག་དགོས་པ། ཀྲུང་གོར་ཁྲིམས་དང་མི་མཐུན་པར་ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་མཚམས་འཇོག་དགོས་པ་བཅས་ཀྱི་སྐུལ་འདེབས་བྱེད་ཀྱི་ཡིན། དེ་ལྟར་མ་བྱས་ན་ཀྲུང་གོ་ཕྱོགས་ཀྱི་ཤུགས་དང་ལྡན་པའི་རྒོལ་ལན་མཐའ་གཅིག་ཏུ་ཕོག་ངེས་རེད”ཅེས་མགྲིན་ཚབ་པས་བརྗོད།