མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སློབ་གྲྭར་བཞད་པར་བྱེད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དེ་གནས་བབ་གལ་ཆེན་དུ་བཞག་ནས་མི་སྣ་སྐྱོང་བ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་པས། སློབ་གྲྭའི་རིག་གནས་ལ་བརྟེན་པ་དང་། ཏང་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ། སློབ་ཁང་གཡུལ་སར་བརྩི་བ། ཕན་ཚུན་རོགས་རམ་འབྲེལ་ཐག་ཏུ་བྱེད་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་གྱི་རྣམ་པ་ཞིག་གྲུབ་ཡོད། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱ་ཆེའི་དགེ་སློབ་ཀྱི་སེམས་སུ་རྩ་བ་ཚུགས་པར་བྱས་ཏེ། ནང་བསམ་པ་དང་ཕྱི་བྱ་སྤྱོད་དུ་བསྒྱུར་བར་བྱས་ནས་རྒྱ་ཆེའི་དགེ་སློབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་འཛིན་པའི་ངོས་འཛིན་དང་གོ་རྟོགས་སྔར་བས་མཐོ་རུ་བཏང་བ་རེད།
ཆབ་མདོ་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་གོག་གིས། སློབ་གྲྭས“སློབ་ཚན་ཕྱོགས་སྒྱུར”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད། རྨང་གཞིའི་སློབ་ཚན་ཕུད། ད་དུང་རྒྱ་བོད་ཡིག་གཟུགས་དང་། མི་རིགས་དང་དེང་རབས་ཀྱི་ཞབས་བྲོ། རི་མོ། ཐང་ག ལག་ཤེས་སོགས་ཀྱི་རྒྱ་སྐྱེད་སློབ་ཚན་མང་དུ་བཏང་ནས། སློབ་མ་ཚོས་སློབ་སྦྱོང་དང་སྤེལ་རེས་ཁྲོད་ནས་མི་རིགས་ཁག་གི་དུས་ཡུན་རིང་ལ་ངོ་མཚར་ཆེ་བའི་ལོ་རྒྱུས་རིག་གནས་ཤེས་པར་བྱས་པ་དང་འབྲེལ། སྤྱི་ཚོགས་ཀྱི་ལག་ལེན་བརྒྱུད། སློབ་མ་ཚོས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་གོམས་གཤིས་དང་ཡུལ་སྲོལ་གོམས་གཤིས་སྔར་བས་རྒྱུས་ལོན་ཐུབ་པར་བྱས་ནས་ཕན་ཚུན་དབར་རྒྱུས་མངའ་དང་བརྩེ་བ་ཟབ་ཏུ་གཏོང་གི་ཡོད་ཅེས་ངོ་སྤྲོད་བྱས།
ད་ཆ། ཆབ་མདོ་གྲོང་ཁྱེར་དམའ་རིམ་སློབ་འབྲིང་དུ་འཛུལ་སྐབས། མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་ཡིག་སྒྲོམ་དང་། ནག་པང་ཚགས་པར་སོགས་གང་སར་མཐོང་རྒྱུ་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤྱོད་བཟང་སློབ་གླིང་ཡོངས་སུ་ཁྱབ་ནས་སློབ་ཕྲུག་གི་འཚར་ལོངས་ལ་ཤོག་བུ་སྣུམ་ཟོས་ལྟར་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད།
“གྲངས་ཉུང་མི་རིགས་ཀྱི་སློབ་མ་ཞིག་གི་ངོས་ནས། ངས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ཟབ་མོ་རྟོགས་བྱུང་། མི་གཅིག་གི་སྟོབས་ཤུགས་ནི་ཧ་ཅང་ཆུང་བ་དང་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་། རང་གི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས། རང་གི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བཅས་བྱས་ཚེ། གཞི་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ”ཅེས་ཆབ་མདོ་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གི་སློབ་མ་བྱམས་པ་གཡུ་མཚོས་བཤད།