དཔལ་འབྱོར་མགྱོགས་པོ་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ།
རང་ལྗོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཡག་པོ་ཞིག་ཕུལ་བ།
2023ལོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“བོད་ལྗོངས་ཀྱི་རྒྱུགས་ལན”ལ་གླེང་རིན་དང་བསྔགས་རིན་ཡོད་ལ་བཀྲག་མདངས་འཚེར་ས་ཡང་མང་བས། གནའ་བོའི་མཚོ་བོད་ས་མཐོ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བ།
2023ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་གྲངས་གཞི་ལས་མངོན་པར། སྤུས་ཚད་དང་ཕན་འབྲས་ཐད་ཐོན་ལས་ཀྱི་འཕེལ་ཕྱོགས་ལེགས་ཤིང་། ཐོན་ལས་དང་པོའི་ཟུར་སྣོན་རིན་ཐང་སྒོར་དུང་ཕྱུར་116.90དང་། ཐོན་ལས་གཉིས་པའི་ཟུར་སྣོན་རིན་ཐང་སྒོར་དུང་ཕྱུར་636.79 ཐོན་ལས་གསུམ་པའི་ཟུར་སྣོན་རིན་ཐང་སྒོར་དུང་ཕྱུར་874.90བཅས་ཟིན་ཡོད། བཟོ་ལས་ཀྱི་ཐད་ནས་བལྟས་ན། ལས་རིགས་ཀྱི་འཕར་གཞི་ཅུང་མཐོ་རུ་ཕྱིན་པ་དང་། རང་ལྗོངས་ཀྱི་ལས་རིགས་ཀྱི་རིགས་ཆེན་པོ་23ཁྲོད་ནས་ལས་རིགས་19འཕར་བཞིན་ཡོད་པ་དེ་ལོ་གོང་མ་དང་བསྡུར་ན་ལས་རིགས་4མང་དུ་ཕྱིན་ཡོད། བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་34.7%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་བརྒྱ་ཆའི་གྲངས་7.6འཕར་བར་སྐུལ་ཁྲིད་ཐུབ་པས་བཟོ་ལས་དཔལ་འབྱོར་གྱི་གཞི་གདན་ཧ་ཅང་བརྟན་དུ་ཕྱིན་ཡོད། ཨར་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་འཕར་བར་སྒུལ་ཤུགས་བསྣན་པས་ལྗོངས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་24.0%འཕར་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་24.5མགྱོགས་སུ་ཕྱིན་པ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་48.6འཕར་ཡོད། གཙོ་གནད་ལས་རིགས་ཀྱིས་དཔལ་འབྱོར་འཕར་བར་འདེགས་སྐྱོར་ནུས་ལྡན་ཐུབ་སྟེ། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས་དང་། དེ་བཞིན་ཆ་འཕྲིན་བརྒྱུད་སྤེལ་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་ཀྱིས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་བསྡུར་ཚད་བཟུང་ཚད་70.7%ཙམ་ཟིན་པ་དང་། འཕར་ཚད་22.9%དང་45.5%སོ་སོར་ཟིན་ཏེ་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་བརྟན་པོ་འཕར་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
རང་འགུལ་ངང་་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།
2023ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན“འདུ་འགོད་ཨང་དང་པོར”བརྩི་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། 2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གྱི་དོ་གནད་དང་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ནས་བཀྲམ་པ་དང་། “ཞིབ་མཆན་གྱི་དོན་ཚན་ཉུང་ཤོས་དང་། ཞིབ་མཆན་གྱི་དུས་བཀག་ཐུང་ཤོས། ཞིབ་མཆན་གྱི་བརྒྱུད་རིམ་ལེགས་ཤོས། ཞིབ་མཆན་གྱི་ཞབས་ཞུ་ལེགས་ཤོས”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཚོང་འགུགས་མ་འདྲེན་གྱི་འགག་གནད་དང་དཀའ་གནད་སྔར་བས་ཐག་གཅོད་བྱས་ནས། ཁེ་ལས་མཁས་ཅན་དང་མ་འཇོག་མཁན་གྱི་ཡིད་ཆེས་ཤུགས་ཆེན་འཕེལ་བར་བྱས་ཡོད།
ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པར་བརྟེན་མ་འཇོག་མཁན་དེ་བས་མང་བས་ས་མཐོར་མ་དངུལ་བཏང་སྟེ་བོད་དུ་རྩ་བ་ཚུགས་ཡོད། གྲངས་གཞི་ལས་མངོན་གསལ། 2023ལོར་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ལྷག་ཙམ་ལས་བརྒལ་ཡོད།
དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ཁྲལ་རིན་གཉིས་གཅོག་གི་གཟིགས་སྐྱོང་སྲིད་ཇུས་ཁག་ལག་བསྟར་ནན་པོ་བྱས་པར་བརྟེན་ཁྲོམ་རའི་གསོན་ཤུགས་མུ་མཐུད་འཕེལ་ཡོད། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ་9པའི་ཟླ་མཇུག་ཏུ་ལྗོངས་ཡོངས་སུ་དངོས་ཡོད་ཁྲོམ་རའི་བྱེད་པོ་ཚོང་དུད་ཁྲི་48.23ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བ་དང་འཕར་ཚད་ཟླ་8པའི་ཟླ་མཇུག་ལས་བརྒྱ་ཆའི་གྲངས་1.4ཡིས་མགྱོགས་པ་ཡོད། 2023ལོའི་ཟླ་9པ་ཁོ་ནར་ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོ་ཚོང་དུད་23193ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་124.1%འཕར་ཡོད།
བརྩེ་བ་ཟབ་མོ་བཅངས་ནས་དམངས་འཚོར་ཕན་བཏགས་པ།
དམངས་འཚོ་ནི་བྱ་བ་ཐམས་ཅད་ནང་གི་གལ་ཆེ་ཤོས་དེ་རེད།
2023ལོའི་ལོ་སྟོད་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་བྱ་བ་དངོས་ཁག་21ཡག་པོ་བསྒྲུབ་རྒྱུའི་འཆར་གཞི་ཁ་གསལ་བཏོན་ཡོད།
2023ལོའི་ལོ་མཇུག་ཏུ་སླེབས་སྐབས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དཔལ་འབྱོར་ལེགས་སུ་ཕྱིན་ནས་མི་སེམས་ལ་སྐུལ་མ་ཐེབས་འོས་པ་ཞིག་ཡོད་པ་མ་ཟད། དམངས་ཕན་གྱི་བྱ་ཐབས་རེ་རེའི་རྒྱབ་ཕྱོགས་སུ་འཕེལ་རྒྱས་ཀྱི“དྲོད་ཚད”ཀྱང་ལྡན་ཡོད། ན་ནིང་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་130ལྷག་ཙམ་བཏང་ནས་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ། ས་མཐོའི་ས་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་དང་ས་མཐོའི་ཆུ་དམ་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་སོགས་ལ་སྤྱད་ཡོད་ཅིང་། དམངས་འཚོའི་བྱ་བ་དངོས་ཁག་21ཚང་མ་མངོན་འགྱུར་བྱུང་ནས་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་བདེ་སྐྱིད་ཀྱི་རྣམ་པ་སྔར་བས་མངོན་བཞིན་ཡོད།
ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་ཞིང་། དེ་ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་བདེ་རྩ་དང་ཡང་འབྲེལ་བ་ཡོད། ལོ་24ལ་སླེབས་པའི་ཚེ་རྡོ་རྗེ་ནི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་བོད་ཕག་གསོ་ཚགས་བྱེད་མཁན་གྱི་སློབ་གྲྭ་ཆེ་མོ་བ་ཞིག་རེད། ཁོང་གིས་གཤམ་གྲོང་ཚོར་བཙུགས་པའི“དྭགས་གཤམ”བོད་ཕག་གསོ་ཚགས་མཉམ་ལས་ཁང་གི་ད་ལྟའི་གསོ་ཚགས་གཞི་ཁྱོན་བོད་ཕག་མགོ་གྲངས་200ལྷག་ཙམ་ཟིན་པ་དང་། དེ་གར་ས་གནས་དེ་གའི་མང་ཚོགས་28ལས་ཞུགས་ཐུབ་ཡོད། ཚེ་རྡོ་རྗེས། ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པས། ང་ཚོས་ལས་ཀ་ཧུར་ཐག་བྱས་ཚེ་མཉམ་ལས་ཁང་འཕེལ་རྒྱས་ཡོང་ངེས་རེད་ལ། མི་དེ་བས་མང་བ་ལས་ཞུགས་ཐུབ་སྟེ་མང་ཚོགས་དེ་བས་མང་བའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱང་ཐུབ་ངེས་རེད་ཅེས་བརྗོད།