ཐན་ཙན་ནི་ཡའི་སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས།
བྱམས་སེམས་དང་ལག་རྩལ་ལ་བརྟེན་ནས་ས་གནས་དེ་གའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲོའུ་ཀྲུའོ་པིན། ཁྲེ་པིན། ཧོའུ་ལུའུ་ལུའུ། ཧྲེན་ཞའོ་ཤའོ།
ན་ནིང་ཟླ་9པར། སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི(ཅང་སུའུ)སྨན་བཅོས་རུ་ཁག་ཁག་སོ་གཉིས་པས་དུས་ཡུན་ལོ་གཅིག་གི་ལས་འགན་ལེགས་གྲུབ་བྱུང་ནས་རང་རྒྱལ་དུ་ལོག་པ་རེད། སྨན་བཅོས་རུ་ཁག་ལ་གཉེར་བའི་དགའ་སྐྱེལ་ཞུ་བའི་མཛད་སྒོར་པིན་པ་གླིང་ཕྲན་ཨ་པུའུ་ཏུའུ་ལ·མུའུ་ཚེ་སྨན་ཁང་གི་ཡོན་ཀྲང་ལཱ་ཤིས་ཏེས“ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་མི་དང་ང་ཚོ་ས་གནས་དེ་གའི་སྨན་དོན་མི་སྣའི་དབར་གྱི་འབྲེལ་བ་ནི་གྲོགས་པོའི་འབྲེལ་བ་ལས་ལྷག་པ་ཡོད། ང་ཚོ་ནི་གཅེན་གཅུང་ལྟ་བུ་ཡིན། ང་ཚོའི་བརྩེ་སེམས་ནམ་ཡང་རྒྱུན་འཁྱོངས་ཐུབ་པའི་རེ་བ་ཡོད”ཅེས་སེམས་འགུལ་ཐེབས་པའི་སྒོ་ནས་བརྗོད།
2022ལོའི་ཟླ་9པར། སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་གྱི་སྨན་བཅོས་རུ་ཁག་ཁག་སོ་གཉིས་པ་འདི་གར་སླེབས་ནས་དུས་ཡུན་ལོ་གཅིག་གི་ཕྱི་རྒྱལ་ལ་རོགས་སྐྱོར་གྱི་སྨན་བཅོས་ལས་དོན་སྤེལ་འགོ་ཚུགས་ཤིང་། སྨན་བཅོས་རུ་ཁག་ལ་ཁོངས་མི་21ཡོད་པ་དང་། རུ་ཁག་གཉིས་སུ་དབྱེ་ནས་སང་ཅེ་པར་གླིང་ཕྲན་ནཱ་ཙི་མའོ་ཅཱ་སྨན་ཁང་དང་པིན་པ་གླིང་ཕྲན་ཨ་པུའུ་ཏུའུ་ལ·མུའུ་ཚེ་སྨན་ཁང་དུ་ལས་ཀ་བྱས་ཡོད།
གཟའ་མཇུག་གི་ཞོགས་པ་ཞིག་ལ་གསར་འགོད་པ་ཀྲུང་གོའི་སྨན་བཅོས་རུ་ཁག་དང་མཉམ་དུ་བཅའ་སྡོད་བྱ་ཡུལ་ནས་རླངས་འཁོར་ལ་བསྡད་ནས་ཆུ་ཚོད་གཉིས་ལྷག་ཙམ་བསྐྱོད་རྗེས་སང་ཅེ་པར་གླིང་ཕྲན་གྱི་ལྷོ་ངོས་སུ་ཡོད་པའི་མཱ་ཁུན་ཏུའུ་ཆི་ཆུས་སྨན་ཁང་དུ་སླེབས། སྐར་མ་བཅུ་གྲངས་ནང་ཁོག་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག མིག་ནད་ཚན་ཁག བུད་མེད་དང་བུ་བཙའི་ཚན་ཁག ཁ་སྦུག་ཚན་ཁག་སོགས་གནས་སྐབས་ཀྱི་ཚན་ཁག་8གྲ་སྒྲིག་བྱས་ཟིན་ཞིང་། འདི་ནི་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་འཕྲོད་བསྟེན་ཚན་པའི་དགོས་མཁོ་དང་ཟུལ་འབྲེལ་བྱས་ནས་སྤེལ་བའི་འོས་འགན་སྨན་བཅོས་ཐེངས་ཤིག་རེད།
“དེ་རིང་ཀྲུང་གོའི་སྨན་པས་འོས་འགན་སྨན་བཅོས་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བས་རྒན་ལགས་ཀྱིས་སྔ་པོ་ནས་ང་དང་སློབ་གྲོགས་ཚོ་ཁྲིད་ནས་འདི་གར་ཡོང་བ་ཡིན། ཚང་མས་ཀྲུང་གོའི་སྨན་པའི་སྨན་བཅོས་ལག་རྩལ་ལ་བསྔགས་བརྗོད་བྱེད་ཀྱི་འདུག”ལོ་17ལ་སླེབས་པའི་མཐོ་འབྲིང་སློབ་མ་ཁའོ་སར་སྨན་བཅོས་རུ་ཁག་མིག་ནད་ཚན་ཁག་གི་སྨན་པ་ཏུང་ལི་ལི་ཡི་མདུན་དུ་ལངས་ནས་བརྟག་དཔྱད་སྒུག་བཞིན་མཆིས། “མིག་ལྕིབས་ལ་གཉེན་ཁ་ཕྲན་ཙམ་རྒྱས་འདུག་པས་ཁྱེད་རང་ལ་སྨན་སྣ་ཁ་གཉིས་སྤྲོད་ཀྱི་ཡིན”ཞེས་ཏུང་ལི་ལི་ཡིས་ཁའོ་སར་ལ་དབྱང་ཧྥེ་ཧྲ་ཤིན་མིག་སྨན་དང་ཧུང་མའེ་སུའུ་མིག་སྨན་སྤྲད་པ་མ་ཟད། སྨན་གྱི་སྒམ་ཆུང་སྟེང་སྨན་གཉིས་སྤྱོད་སྟངས་ཀྱང་བྲིས་ཡོད།
སང་ཅེ་པར་དུ་སྨན་བཅོས་བྱེད་རིང་། འདི་ལྟ་བུའི་ས་གནས་དེ་གའི་སྡེ་ཁུལ་དུ་འོས་འགན་སྨན་བཅོས་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བའི་ནང་འོས་འགན་སྨན་བཅོས་ཀྱང་ཚུད་ཡོད་པ་དང་། སྨན་བཅོས་རུ་ཁག་གིས་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ནད་པ་མི་ཐེངས་ཁྲི་6ལྷག་ཙམ་ལ་སྨན་བཅོས་ཞབས་འདེགས་ཞུས་ཡོད་པ་རེད།
ན་ནིང་ཟླ་9པར་ཐན་ཙན་ནི་ཡའི་སང་ཅེ་པར་གྱི་ཙུང་ཐུང་མུའུ་ཝེ་ཉི་ཡིས་སྨན་བཅོས་རུ་ཁག་དང་ཐུག་འཕྲད་བྱས་ཏེ། རུ་མི་ཡོངས་ལ་གཟེངས་རྟགས་དང་དྲན་རྟེན་ལག་ཁྱེར་སྤྲད་ནས་ཁོང་ཚོས་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་རེད། མུའུ་ཝེ་ཉི་ཡིས་སྨན་བཅོས་རུ་ཁག་གིས་སང་ཅེ་པར་གྱི་མི་དམངས་ཀྱི་བདེ་ཐང་དང་སང་ཅེ་པར་དང་ཀྲུང་གོའི་མཛའ་གྲོགས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། “ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་སང་ཅེ་པར་གྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད་པ་རེད།
སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ནི་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥེ་རི་ཁར་དམིགས་ནས་མངགས་པའི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གཉིས་པ་དེ་ཡིན་ཞིང་། 1963ལོར་ཀྲུང་གོས་ཨར་ཅི་རི་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་དང་པོ་མངགས་པ་དང་། ལོ་60ལྷག་ཙམ་རིང་ཀྲུང་གོས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་དང་ས་ཁུལ་76ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་རུ་མི་མི་ཐེངས་ཁྲི་3ལྷག་ཙམ་མངགས་པ། རིམ་རྩིས་བརྒྱབ་ན་ནད་པ་མི་ཐེངས་དུང་ཕྱུར་2.9ལ་སྨན་བཅོས་བྱས་པ། མི་ཐེངས་2000ལྷག་ཙམ་ལ་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་ཡོད་པ་ལ་སོགས་རེད། མིག་སྔར། སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི(ཅང་སུའུ)སྨན་བཅོས་རུ་ཁག་ཁག་སོ་གསུམ་པའི་རུ་མིས་ལས་ཀ་རྩིས་བླངས་ནས་སྤེལ་འགོ་ཚུགས་ཤིང་། ས་གནས་དེ་གའི་དམངས་ཚོགས་ལ་བདེ་སྐྱིད་སྐྲུན་པའི་བྱ་སྤྱོད་དང་མི་སེམས་འགུལ་བའི་ལེའུ་གསར་པར་རྩོམ་བཞིན་མཆིས།
ནཱ་ཙི་མའོ་ཅཱ་སྨན་ཁང་ཁ་སྦུག་ཚན་ཁག་གི་སྨན་པ་ཧྲེང་ལེ་ཡིས་ནད་པར་བརྟག་དཔྱད་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུང་ཅང་ཧུའེ་ཡིས་པར་བརྒྱབ།
སྨན་བཅོས་རུ་ཁག་གིས་པིན་པ་གླིང་ཕྲན་དུ་འོས་འགན་སྨན་བཅོས་བྱས་ཤིང་། འདི་ནི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཧྲི་ཞའོ་ཡིང(གཡས)གིས་ས་གནས་དེ་གའི་སྨན་པ་དང་ནད་པའི་ནད་བརྟག་སྐོར་སྤེལ་རེས་བྱེད་བཞིན་པ། སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མཁོ་འདོན་བྱས་པ།
སྨན་བཅོས་རུ་ཁག་གིས་སང་ཅེ་པར་གླིང་ཕྲན་དུ་འོས་འགན་སྨན་བཅོས་བྱས་ཤིང་། འདི་ནི་ཁོག་ནད་ཚན་ཁག་གི་སྨན་པ་ལིའུ་ཚུའེ་ཞ(གཡོན་གྱི་དང་པོ)ཡིས་ནད་པར་སྨན་བཅོས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧོའུ་ལུའུ་ལུའུ་ཡིས་པར་བརྒྱབ།
ཐན་ཙན་ནི་ཡའི་སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི(ཅང་སུའུ)སྨན་བཅོས་རུ་ཁག་ཁག་སོ་གཉིས་པའི་རུ་མི་ཁག་གཅིག་སྐོར་སྐྱོད་སྨན་བཅོས་བྱ་ཡུལ་དུ་དྲན་བརྟེན་མཉམ་པར་རྒྱག་བཞིན་པ། སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མཁོ་འདོན་བྱས།
ནཱ་ཙི་མའོ་ཅཱ་སྨན་ཁང་གློག་པར་ཚན་ཁག་གི་སྨན་པ་དབྱང་ཝུའེ་ཧྲི་ཡིས་ཉིང་རྡུལ་གློག་པར་གྱི་བརྟག་དཔྱད་འབྲས་བུར་ལྟ་བཞིན་པ། སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མཁོ་འདོན་བྱས་པ།
ནཱ་ཙི་མའོ་ཅཱ་སྨན་ཁང་ནི་སང་ཅེ་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་བཅའ་སྡོད་བྱ་ཡུལ་གྱི་སྨན་ཁང་གི་གྲས་ཤིག་རེད། འདི་ནི་ནཱ་ཙི་མའོ་ཅཱ་སྨན་ཁང་གི་ཟུར་ཞིག་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཏུང་ཅང་ཧུའེ་ཡིས་པར་བརྒྱབ།