དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ལོ་གསར་གྱི་ཤིས་ཚིག་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ལོ་གསར་གྱི་ཤིས་ཚིག་སྤེལ་ནས་དམངས་ཚོགས་རྣམས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། ཕན་ཚུན་རོགས་སྐྱོར། མི་མཐུན་པའི་ཆ་སེལ་བ་བཅས་བྱས་ཏེ་སྔར་བས་ཞི་བདེ་དང་། མཛེས་སྡུག དར་རྒྱས་བཅས་ཀྱི་འབྱུང་འགྱུར་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས། “2023ལོ་ནི་དཀའ་སྡུག་ཆེན་པོ་དང་དྲག་སྤྱོད་ཀྱིས་ཁེངས་པའི་ལོ་ཞིག་ཡིན་པས། མིའི་རིགས་ལ་དཀའ་ངལ་མང་པོ་བཟོས་ཡོད”“ང་ཚོས་ངེས་པར་དུ་མི་མཐུན་པའི་ཆ་བསལ་ནས་ཐུན་མོང་ཐོག་ཐག་གཅོད་ཇུས་གཞི་འཚོལ་དགོས” མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ལ་མཐུན་སྒྲིལ་བྱེད་པར་གཞོལ་ནས། ཞི་བདེ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས། ཨུ་རུ་སུའི་མི་དམངས་ཀྱི་མཐུན་སྒྲིལ་ནི་རྒྱལ་ཁབ་འབྱུང་འགྱུར་འཕེལ་རྒྱས་འགྲོ་བའི་འགན་ལེན་རེད། “ང་ཚོ་ནི་རྒྱལ་ཁབ་གཅིག་དང་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ང་ཚོས་མེས་རྒྱལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་དེ་བཞིན་མི་དམངས་ཀྱི་བདེ་རྩ་འགན་ལེན་བྱེད་དགོས་ལ། ང་ཚོ་དེ་བས་སྟོབས་ཆེར་ཡང་འགྲོ་ངེས་རེད”ཅེས་བརྗོད།

    ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་རུན་གྱིས། 2023ལོར་རྒྱལ་སྤྱིའི་ས་འབྲེལ་ཆབ་སྲིད་ཀྱི་ཛ་དྲག་དུས་བབ་ཟམ་མི་ཆད་པར་ཛ་དྲག་ཏུ་ཕྱིན་ནས་ཧྥ་རན་སེ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་དོན་རྐྱེན་ཐོན་པ་དང་། རྒྱལ་ཁབ་ནང་ཁུལ་དུ་ཁ་ཕྲལ་དང་འཁོན་འཛིན་གྱི་བྱེད་སྤྱོད་ཐོན་པ། དངུལ་ལོར་འགྲེམས་ཐལ་ཚབས་ཆེན་ཤོར་བ་སོགས་རེད། ཧྥ་རན་སེས་2024ལོར་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཧྥ་རན་སེ་བ་དང་ཡོ་རོབ་བ་གཞན་དག་གིས་2024ལོའི་ཟླ་6པར་ཡོ་རོབ་གྲོས་ཚོགས་ཀྱི་འདེམས་བསྐོར“ཐག་གཅོད་རང་བཞིན་གྱི་གདམ་ག”བྱས་ནས་ཡོ་རོབ“དེ་བས་སྟོབས་ཆེར”འགྲོ་རེ་བྱེད་ཀྱི་ཡོད་ཅེས་བརྗོད།

    ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་ས་ཡིས། 2023ལོར་ལྷོ་ཨ་ཧྥེ་རི་ཁར་འགྲན་སློང་སྣ་ཚོགས་ཕྲད་མོད། འོན་ཀྱང་སྔར་བཞིན་བློ་བག་ཡངས་བའི་བསམ་པ་འཁྱེར་བའི་རྒྱུ་མཚན་ཡོད། “ང་ཚོའི་རེ་བ་དང་བག་ཡངས་པོ་ནི་ངོས་འཛིན་འདི་འདྲ་ཞིག་ནས་བྱུང་བ་ཡིན་ཏེ། ང་ཚོར་དེ་སྔོན་དཀའ་ངལ་མང་པོ་འཕྲད་མྱོང་ནའང་མཐར་དེ་དག་ཁྱད་དུ་བསད་ཡོད”ཅེས་བརྗོད་པ་དང་། ལཱ་མཱ་ཧྥུའུ་ས་ཡིས་ལོ་གསར་པར་ལྷོ་ཨ་ཧྥེ་རི་ཁས་ཞི་བདེ་དང་གདོང་ཐུག་གི་དམག་འཁྲུག་མཇུག་འགྲིལ་ཆེད་མུ་མཐུད་འབད་བརྩོན་བྱེད་ཀྱི་ཡིན་ཞེས་ནན་བཤད་བྱས།

    སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་གིས། འདས་ཟིན་པའི་ལོ་གཅིག་རིང་འཛམ་གླིང་གི་དུས་བབ་རྙོག་འཛིང་ཆེ་བ་དང་འགྲན་སློང་རང་བཞིན་ལྡན་ཡོད། རྒྱབ་ལྗོངས་འདི་འདྲའི་འོག་2023ལོར་སིང་ཀ་ཕོར་གྱི་དཔལ་འབྱོར་1.2%འཕར་ནས་ཉམས་རྒུད་དུ་མ་སོང་ཙམ་བྱུང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ས་སྦྲེལ་ཆབ་སྲིད་ཀྱི་གཏན་འཁེལ་མེད་པའི་རང་བཞིན་དང་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ལས་2024ལོར་སིང་ཀ་ཕོར་ལ་མུ་མཐུད་ཤུགས་རྐྱེན་ཐེབས་སྲིད། དེ་དང་ཆབས་ཅིག མི་ཐབས་རིག་ནུས་དང་འཕྲུལ་མིའི་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་ཀྱང་ཁེ་ལས་དང་མི་དམངས་ལ་རེ་བ་སྦྱིན་གྱི་ཡོད་ཅེས་ནན་བཤད་བྱས།

    ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར་གྱིས། ཕྱི་ཕྱོགས་ཀྱི་བཀག་སྡོམ་དང་ཁྲིམས་འདོམས་ནི་ཡ་ང་སྙིང་རྗེ་མེད་པས་ཁུ་པའི་དུས་བབ་དེ་སྔ་ལས་དཀའ་ཚེགས་དེ་བས་ཆེ་རུ་སོང་ཡོད། མང་ཚོགས་ཀྱིས་འགྲན་སློང་གིས་ཁེངས་པའི་2024ལོར་གསར་གཏོད་ཀྱི་ནུས་པ་བཏོན་ནས་སེམས་ནུས་གཅིག་སྒྲིལ་གྱིས“འགྱུར་ལྡོག་གཏོང་དགོས་རིགས་ཐམས་ཅད་ལ་འགྱུར་ལྡོག་གཏོང་བའི”རེ་བ་ཡོད་ཅེས་བརྗོད།

    རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་གིས། རི་པིན་ལ་འཕོ་འགྱུར་ཧ་ཅང་ཆེ་བའི་དུས་རབས་ཤིག་འཆར་བཞིན་ཡོད། ལོ་གསར་པར་འཕེལ་རྒྱས་ཧ་ཅང་ཆེན་པོ་མངོན་འགྱུར་བྱུང་ནས་རྒྱལ་དམངས་ལ་འབྱུང་འགྱུར་དེ་བས་ལེགས་སུ་འགྲོ་བའི་ཡིད་ཆེས་ཡོང་རེ་ཡོད་ཅེས་བརྗོད།

    ཧན་གོའི་ཙུང་ཐུང་དབྱིན་ཤིས་གཡོད་ཀྱིས། 2024ལོ་ནི་ཧན་གོ་སླར་ཡང་མཆོང་སྐྱོད་ཡོང་བའི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་ཚོང་དོན་སླར་གསོ་བྱུང་བ་དང་བསྟུན་ནས་ཧན་གོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་འགྲོ་ངེས་རེད་ཅེས་བརྗོད།

    ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་གྱིས། ཐུར་ཁེས་2024ལོར“ཚད་བརྒལ་ངོ་མ”ཡོང་བར་བྱེད་ཀྱི་ཡིན། མིའི་རིགས་ཡོངས་ལ་སྔར་བས་མཛེས་སྡུག་དང་། ཞི་བདེ། དར་རྒྱས་བཅས་ཀྱི་འབྱུང་འགྱུར་ཞིག་ཡོང་བའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།