དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ལོ་གསར་གྱི་ཤིས་ཚིག་བརྗོད་ནས།

    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ སྟེ་རེ་བ་བསུ་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-06

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ལོ་གསར་གྱི་བརྙན་ལམ་ཤིས་ཚིག་བརྗོད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་རེ་བ་བསུ་དགོས་པའི་རེ་འབོད་བྱས་པ་རེད།

    ཀུ་ཐེ་ལེ་སིས“2023ལོ་ནི་དཀའ་ཚེགས་ཆེ་ཤོས་དང་། གཏུམ་སྤྱོད་མང་བ། གནམ་གཤིས་ལ་འགྱུར་ལྡོག་ཆེ་བ་བཅས་ཀྱི་ལོ་ཞིག་རེད། མིའི་རིགས་ལ་དཀའ་ངལ་མང་པོ་ཕྲད་པ་དང་ང་ཚོའི་གོ་ལ་ཧྲིལ་པོ་ཡང་ཉེན་ཁའི་ཁྲོད་དུ་ཡོད། 2023ལོ་ནི་ལོ་རྒྱུས་སུ་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་རེད”ཅེས་བརྗོད་ཅིང་། ཁོང་གིས་གོ་ལ་ཧྲིལ་པོའི་གནད་དོན་ཚབས་ཆེན་ཆེ་རུ་ཕྱིན་པར་བརྟེན། འཛམ་གླིང་ལ་འཕྲད་པའི་འགྲན་སློང་ཡང་ཆེ་རུ་ཕྱིན་ཡོད། དབུལ་ཕོངས་དང་བཀྲེས་ལྟོགས་ཀྱིས་སྔར་བཞིན་མི་མང་པོར་སྡུག་བསལ་ཆེན་པོ་བཟོ་བཞིན་ཡོད་པ་དང་། གདོང་གཏུག་དང་དམག་འཁྲུག་གི་གྲངས་འབོར་དང་ཤུགས་ཚད་ཀྱང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་ནན་བཤད་བྱས་ཡོད།

    ཀུ་ཐེ་ལེ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་གཞན་དཀྲི་དང་གཏུམ་སྤྱོད་ཀྱི་འཁྲུག་རྩོད་བཀག་འགོག་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། “ཕན་ཚུན་སྐྱོན་འཛུགས་དང་དྲག་ཤུགས་སྤྱད་ན་ཐར་ལམ་མེད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པའི་སྐབས་ནི་མིའི་རིགས་ཀྱི་སྟོབས་ཤུགས་ཆེ་ཤོས་རེད”

    ཀུ་ཐེ་ལེ་སིས་ད་དུང་མཐོང་ཆུང་དང་འཁོན་འཛིན་གྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་དགོས་ངེས་རང་བཞིན་དང་དེ་བཞིན་མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་གྱིས་མིའི་རིགས་ཀྱི་དེ་བས་ཆེ་བའི་ཁེ་ཕན་ལ་ཞབས་འདེགས་ཞུ་བའི་དགོས་ངེས་རང་བཞིན་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཀུ་ཐེ་ལེ་སིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ལ་མཐུན་སྒྲིལ་བྱེད་པར་གཞོལ་ནས་ཞི་བདེ་དང་། རྒྱུན་མཐུད་རུང་བའི་འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་བཅས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་དང། ཁོང་གིས་རྒྱལ་ཁབ་ཁག་གི་མི་དམངས་ལོ་གསར་པར་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཞུ་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།